བོད་མི་རིགས་ཀྱི་སྙིང་སྟོབས་དང་འདུ་ཤེས་མེད་པར་བཟོ་ཆེད་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་རེད་ཟེར།
སྤྱི་ཟླ་དང་པོའི་ཚེས་༩ཉིན་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཝང་ཅོན་ཀྲེན་(Wang Junzheng)་གིས་ལྷ་ས་གྲོང་ཁྱེར་དུ་རྟོག་ཞིབ་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གསལ་ལམ་ཁག་ནང་བསྒྲགས་འདུག་པ་མ་ཟད། ཁོང་གིས་ལྷ་ས་ཁུལ་གྱི་དགོན་སྡེའི་བལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཟེར་བ་དང་། དགོན་སྡེ་དོ་དམ་ལས་ཁུངས་ཀྱི་ལས་བྱེད་པ་སོགས་དང་ཐུགས་འཕྲད་བྱས་ཏེ། དགོན་སྡེར་དོ་དམ་ཡག་པོ་བྱེད་པ་ནི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། དགོན་སྡེའི་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་ཚུལ་བཤད་འདུག
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ད་བར་བོད་བརྒྱུད་ནང་བསྟན་གྱིས་བོད་མི་རིགས་ལ་སྤོབས་པ་དང་སེམས་ཤུགས་སྦྱིན་བཞིན་ཡོད་པ་དེ་རྒྱ་ནག་གིས་རྒྱུས་ལོན་ཆ་ཚང་བྱུང་པའི་རྗེས། ད་ཆ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། དེའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་འདུ་ཤེས་མེད་པ་བཟོ་རྒྱུའི་ཇུས་ངན་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཝང་ཅོན་ཀྲེན་དེ་སྔ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་ཡིན་པའི་སྐབས། ཡུ་གུར་མི་རིགས་ལ་དྲག་གནོན་ཚབས་ཆེན་བྱས་པའི་རྐྱེན་གྱིས་ཨ་མི་རི་ཀས་ཁོང་ལ་ཉེས་ཆད་བཅད་ཡོད་ཀྱང་། ༢༠༢༡ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཁོང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད།
ལྷག་དོན་ད་རེས་ཝང་ཅོན་ཀྲེན་གྱིས་ལྷ་སར་བལྟ་སྐོར་སྐབས། ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་དུ་དངོས་སུ་བཅར་ཏེ། སྤྱི་ཚོགས་བརྟན་ལྷིང་ཡོང་བར་དགོན་སྡེ་ཁག་གི་སྒྲིག་ལམ་དང་སློབ་གསོ་ནི་ཧ་ཅང་གི་གལ་ཆེ་ཡིན་ཚུལ་ཡང་ནས་ཡང་དུ་འགྲེལ་བརྗོད་བྱས་འདུག་པ་དང་། དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལས་འགུལ་དར་སྤེལ་གཏོང་དགོས་ཚུལ་བརྗོད་འདུག སློབ་གསོའི་ལས་འགུལ་སྤེལ་བ་དེའི་ཆ་ཤས་གཞན་ཞིག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགག་པ་རྒྱག་རྒྱུ་དེ་ཡིན་པ་རེད།
རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་དེ་ལོ་མང་གོང་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་སྡེ་ཁག་ཏུ་སྤེལ་ཡོད་པ་དང་། བོད་ནང་གྲྭ་བཙུན་མང་པོ་ཞིག་གིས་དེར་རྒྱབ་འགལ་དང་དང་ལེན་མ་བྱས་པའི་ཉེས་མིང་འོག་འདྲི་རྩད་བཀག་ཉར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། དཔེར་ན། དེ་སྔོན་རྒྱ་ནག་གཞུང་གིས་ནག་ཆུ་ས་ཁུལ་ཁོངས་སུ་ཡོད་པའི་ཤག་རོང་པོ་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་བའི་སྐབས་དགེ་འདུན་པ་ངག་དབང་རྒྱ་མཚོ་ལགས་སེམས་སྡུག་གི་མ་བཟོད་པར་ཁ་ཆེམས་ཡིག་གེ་བཞག་སྟེ་རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད།
ཡང་ཝང་ཅོན་ཀྲེན་གྱིས་གོང་ཞུས་ལྷ་སར་བལྟ་སྐོར་སྐབས་ནན་བཤད་བྱས་པའི་ནང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ། ཐལ་སྐྱོད་བཀག་སྡོམ་དང་། སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས་དགོན་སྡེ་དོ་དམ་ལས་ཁུངས་ཀྱི་ནུས་པ་གང་ལེགས་བཏོན་དགོས་ཚུལ་བརྗོད་འདུག་ཀྱང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་སྔར་མེད་ཁྲིམས་སྒྲིག་མང་པོ་ཞིག་ལག་བསྟར་བྱས་པ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་ནུས་མེད་དུ་བཟོ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་དེ་སྔོན་༢༠༢༡ལོའི་སྤྱི་ཟླ་༡༠པའི་ནང་རྒྱ་ནག་གཞུང་གིས་ཝང་ཅོན་ཀྲེན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱས་པའི་རྗེས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གི་འགོ་ཁྲིད་མང་པོ་ཞིག་འཕོ་འགྱུར་གཏོང་བཞིན་ཡོད་པའི་ཁར། ཉེ་ལམ་གཞིས་ཀ་རྩེ་དང་ལྷ་ས་གྲོང་ཁྱེར་སོགས་ཀྱི་ནང་རྒྱ་མིའི་དཔོན་རིགས་མང་དུ་བསྐོ་བཞག་བྱེད་བཞིན་པ་དེ་ནི་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་སོགས་སྟབས་བདེ་པོའི་ངང་ལག་བསྟར་ཐུབ་པ་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།