དམར་ཤོག་ཚོགས་པའི་དུས་དྲན་མཛད་སྒོ་ངེས་པར་ལྟ་དགོས་པའི་བཙན་བཀའ།

2021.07.02
དམར་ཤོག་ཚོགས་པའི་དུས་དྲན་མཛད་སྒོ་ངེས་པར་ལྟ་དགོས་པའི་བཙན་བཀའ།
བོད་ནས་བཏང་འབྱོར།

སྤྱི་ཟླ་༧ཚེས་༡ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༡༠༠འཁོར་བའི་དུས་དྲན་དང་བསྟུན་ནས། བོད་ཁུལ་ཡོངས་སུ་རྒྱ་ནག་གཞུང་གི་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་གཙོས། དགོན་པ་དང་སློབ་གྲྭ་སོགས་སུ་ཉིན་དེའི་སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་དང་། མཛད་སྒོའི་ལས་རིམ་ཁག་ལ་ངེས་པར་ལྟ་ཉན་དགོས་པའི་བཙན་བཀའ་བཏང་སྟེ།  བོད་ཁུལ་གྱི་དགོན་པ་མང་པོའི་ནང་ས་གནས་འགོ་ཁྲིད་ཚོས་ལྟ་རྟོག་འོག་གྲྭ་བ་ཚོར་དམར་ཤོག་ཚོགས་པའི་དུས་དྲན་མཛད་སྒོར་བཙན་གྱིས་ལྟ་ཉན་བྱེད་བཅུག་ཡོད་པ། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།  

བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་རྒྱུར། རྒྱ་ནག་གཞུང་ཕྱོགས་ནས་ལོ་བརྒྱ་འཁོར་བའི་མཛད་སྒོར་མི་ཚང་མ་མཉམ་ཞུགས་དགོས་པའི་བཀའ་བཏང་ཡོད་པ་རེད་ལ། ལྷག་པར་དུ་དགོན་པ་གྲྭ་ཚང་ཁག་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་སློབ་གྲྭ་ཁག་ནང་འཛིན་གྲྭ་ཚོགས་རྒྱུ་སོགས་གང་ཡང་མེད་པར། ཞི་ཅིན་ཕིང་གི་གཏམ་བཤད་དང་དུས་ཆེན་གྱི་མཛད་སྒོར་བརྙན་འཕྲིན་ནས་ལྟ་བཅུག་བཞིན་ཡོད་པ་དང་། དགོན་པ་ཁག་ནང་ཆོས་དོན་ལས་ཁུངས་ཟེར་བས་གོ་སྒྲིག་ལྟར། གྲྭ་བ་གཅིག་ཀྱང་ལྷག་ལུས་མེད་པར་ཡོང་དགོས་པ་མ་ཟད་ལྟ་རྟོག་བྱེད་མཁན་མི་སྣ་ཡང་བཞག་ཡོད་པ་རེད་ལ། ད་ལྟ་རྒྱ་ནག་གཞུང་གི་དམ་དྲག་ཧ་ལས་པ་བྱེད་བཞིན་ཡོད་པ་བརྗོད་བྱུང་། ཡང་བོད་ནང་གི་བོད་མི་གཞན་ཞིག་གིས་ཡིག་ཐོག་ནས་དུས་དྲན་རིང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཟ་ཁང་དང་ཚོང་ཁང་གཅིག་ཀྱང་སྒོ་ཕྱེ་བཅུག་གི་མེད་པར། དུས་དྲན་མཛད་སྒོར་ལྟ་ཉན་བྱེད་བཅུག་གི་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་ས་གནས་སོ་སོར་དམག་མི་འགྲེམས་འཇོག་གིས་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།  

དེ་བཞིན་བཙན་བྱོལ་ནང་ཡོད་པ་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་བོད་ནང་འབྲེལ་བ་བྱས་ཏེ་གནས་ཚུལ་འགྲེལ་བརྗོད་གནང་བར།  རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་བསྟུན།  སེར་ཤུལ་དགོན་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་དང་ས་གནས་མི་མང་གི་རྟ་རྒྱུག་སྤྲོ་སྐྱིད་སོགས། མི་མང་གིས་རྒྱུན་གཏན་གྱི་ལས་དོན་དང་འདུ་འཛོམས་རིགས་གཅིག་ཀྱང་བྱེད་བཅུག་གི་མེད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་འདུག་ལ།  དམ་དྲག་དེ་རིགས་སེར་ཤུལ་དགོན་པ་གཅིག་པུ་ཙམ་མ་ཡིན་པར། ཤུལ་སེར་རྫོང་གི་མངའ་ཁོངས་ཀྱི་དགོན་པ་ཚང་མའི་ནང་དུ་དམ་དྲག་བྱེད་བཞིན་པ་མ་ཟད། ཡུལ་ཕྱོགས་གཞན་དཀར་མཛེས་སོགས་ས་ཆ་མང་པོའི་ནང་གཅིག་གྱུར་གྱིས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།  

རྒྱ་ནག་གཞུང་གིས་དུས་རྒྱུན་དམར་ཤོག་ཚོགས་པའི་དུས་ཆེན་ཁག་ལ་བོད་ནང་གི་བོད་མི་ཚོ་ངེས་པར་མཉམ་ཞུགས་དང་ལྟ་ཉན་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་ལྟར། ཐེངས་འདིར་རྒྱ་ནག་གཞུང་གིས་ཞི་ཅིན་ཕིང་གི་གཏམ་བཤད་དེ་ལོ་རྒྱུས་རང་བཞིན་གྱི་གཏམ་བཤད་ཡིན་སྐོར་བརྗོད་དེ། བོད་མི་ཚོར་བཙན་ཐབས་ཀྱིས་ལྟ་ཉན་བྱེད་བཅུག་པ་མ་ཟད། བོད་ས་ཁྱོན་ཡོངས་ནང་དམ་དྲག་ཤུགས་ཆེན་བྱས་ཏེ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་སོགས་ལ་སུན་བཙེར་སྣ་ཚོགས་བྱེད་བཞིན་ཡོད་པ་དང་། ཉེ་སྔོན་དམར་ཤོག་ཚོགས་པའི་དུས་དྲན་སླེབས་ལ་ཉེ་བ་ནས་བཟུང་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་སོགས་ལ་ཞིབ་བཤེར་དང་། སྐབས་དེར་ཁ་པར་དང་སྐད་འཕྲིན་ནང་དམར་ཤོག་ཚོགས་པ་ལ་ངན་སྨྲས་རིགས་ཡོད་མི་ཆོག་སྐོར་བརྗོད་ནས། བོད་ཀྱི་ཡུལ་ཤུལ་གཙོའི་བོད་ཀྱི་ས་ཁུལ་མང་པོའི་ནང་ཆེད་དུ་ཞིབ་བཤེར་ས་ཚིགས་བཟོས་ཏེ་བོད་མི་ཚོར་དམ་དྲག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎