རྒྱ་ནག་གཞུང་གིས་བོད་མི་ཚོར་དབྱར་རྩ་དགུན་འབུ་བརྐོ་བར་ངེས་པར་དུ་སྲིད་གཞུང་གི་ངོས་ལེན་ཡོད་པའི་ལག་འཁྱེར་བཟོ་བཅུག་བཞིན་ཡོད་འདུག

ལོ་ལྟར་ཕྱི་ཟླ་ ༥ ནས་བཟུང་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་བོད་མི་ཚོས་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚིགས་ཡིན་པ་ལྟར། འདི་ལོ་ཡང་བོད་མི་ཚོས་དབྱར་རྩ་དགུན་འབུ་བརྐོ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་བོད་མི་ཚོར་དབྱར་རྩ་དགུན་འབུ་དེ་བཞིན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་འོག་ཏུ་ཡོད་པས། བོད་མི་ཚོས་སྲིད་གཞུང་གི་ཆོག་མཆན་མེད་པར་དབྱར་རྩ་དགུན་འབུ་གང་བྱུང་བརྐོ་མི་ཆོག་པ་དང་། དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་མཁན་ཚོས་ངེས་པར་དུ་ཞིང་ཆེན་དང་རྫོང་། ས་གནས་སྲིད་གཞུང་བཅས་ནས་བརྐོ་ཆོག་པ་དང་འཚོང་ཆོག་པ་སོགས་ཀྱི་ལག་འཁྱེར་དགོས་སྐོར་བརྗོད་བཞིན་ཡོད་པས། དེང་སྐབས་རང་གི་ས་ཆའི་སྟེང་ནས་འབུ་བརྐོ་བར་ཚོད་འཛིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། མཚོ་སྔོན་ཞིང་ཆེན་སྐྱེ་དགུ་མདོ་ས་ཁུལ་དུ་དབྱར་རྩ་དགུན་འབུ་བརྐོ་བར་ལག་འཁྱེར་དང་། ཉིན་རེར་འབུ་ག་ཚོད་བརྐོས་ཡོད་དང་འབུ་རེའི་རིན་གོང་ག་ཚོད་ཡིན་སོགས་ས་གནས་གཞུང་ལ་ཡར་ཞུ་དགོས་པ་དང་། ལག་འཁྱེར་ཡིག་ཆ་མེད་མཁན་དང་སྲིད་གཞུང་གི་བཤད་པ་ལྟར་མི་བྱེད་མཁན་ཚོར་ལག་སོན་བྱུང་བའི་འབུའི་རིན་གོང་གཞུང་བཞེས་དང་། རྒྱ་སྒོར་ཁྲི་ལྔ་ཡི་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་བརྗོད་བཞིན་ཡོད་པས། དབྱར་རྩ་དགུན་འབུ་བརྐོ་བར་ལག་འཁྱེར་ལེན་ཐབས་བྱེད་བཞིན་ཡོད་ཀྱང་། རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ལས་ཁུངས་ཟེར་བས་ཞིབ་བཤེར་དགོས་སྐོར་བརྗོད་ནས་ལས་སླ་བོར་ལེན་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་ངོས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་ཡིན་སྐོར་བརྗོད་ནས། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ལས་ཁུངས་ནས་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་མིས་བཟོས་དབྱར་རྩྭ་དགུན་འབུ་གཏན་འགག་བྱ་རྒྱུ་ཡིན་པའི་བརྡ་ཁྱབ་ཅིག་སྤེལ་བ་ལས། དབྱར་རྩ་དགུན་འབུ་བརྐོ་བར་ལག་འཁྱེར་དགོས་ཐད་དམིགས་བསལ་གང་ཡང་བཤད་མི་འདུག
དབྱར་རྩ་དགུན་འབུ་ནི་བོད་གཙོས་ཧི་མ་ལ་ཡའི་ས་མཐོའི་ཕྱོགས་ཀྱི་ས་ཁུལ་འགའ་ཤས་སུ་མ་གཏོགས་སྐྱེ་ཡི་མེད་ཅིང་། བོད་ཀྱི་དབྱར་རྩ་དགུན་འབུའི་སྤུས་ཀ་ནི་ཡག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པས། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བོད་ཀྱི་དབྱར་རྩ་དགུན་འབུར་རིན་ཐང་ཆེན་པོ་ཡིན་སྟབས། བོད་མི་རོང་འབྲོག་མང་ཚོགས་མང་པོ་ཞིག་གི་འཚོ་བ་དབྱར་རྩ་དགུན་འབུར་བརྟེན་ནས་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོར་དབྱར་རྩ་དགུན་འབུ་རེའི་སྤྱི་ཡོངས་ཀྱི་གོང་ཚད་རྒྱ་སྒོར་ ༥༠ དང་ཡག་ཤོས་ཤིག་ལ་གོང་ཚད་རྒྱ་སྒོར་ ༧༠ ལྷག་ཡིན་སྟབས། དབྱར་རྩ་དགུན་འབུའི་གོང་ཚད་ཡག་ཤོས་ཀྱི་ལོ་ཞིག་ཆགས་ཡོད་པ་རེད་ལ། ཡང་འབྲེལ་བོད་མི་གཞན་དེས་དེང་སྐབས་དབྱར་རྩ་དགུན་འབུ་སྔར་དང་བསྡུར་ན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་རིན་ཐང་ཆེ་རུ་འགྲོ་བཞིན་ཡོད་པས། འདི་ལོ་ཡང་གོང་ཚད་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ན་ཡང་། དེང་སྐབས་དབྱར་རྩ་དགུན་འབུ་དེ་སྔ་ལྟར་རང་གི་འདོད་མོས་ལྟར་བརྐོ་མི་ཆོག་སྟབས། དབྱར་རྩ་དགུན་འབུའི་ཚོང་ལས་ཡག་པོ་ཡོང་མིན་ཚོད་དཔག་མི་ཐུབ་པ་ཞིག་ཡིན་སྐོར་བརྗོད་བཞིན་འདུག
དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཡོང་འབབ་འཚོལ་ས་ཆེ་ཤོས་ཤིག་ཡིན་པ་ལྟར། ལོ་རེར་བོད་ནང་དཔྱིད་ཀ་ཚེས་པ་དང་བསྟུན་བོད་མི་བརྒྱ་སྟོང་མང་པོ་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་བསྡོམས་འབོར་ལྟར་ན། ལོ་རེར་དབྱར་རྩ་དགུན་འབུ་ཐོན་ཚད་ཊོན་ ༡༠༠ ཐམ་པའམ་སྤྱི་རྒྱ་དགུ་ཁྲི་སྟོང་མེད་བདུན་བརྒྱ་ ༩༠༧༠༠ ཙམ་དང་། དེ་ཡི་ལོ་རེའི་རིན་གོང་རྒྱ་སྒོར་དུར་ཕྱུར་ ༡༨༠ ནས་ ༢༠༠ བར་ཡིན་པས། རོང་འབྲོང་མང་ཚོགས་ཁྲི་བརྒྱ་ལྷག་ལ་ཕན་ཐོགས་བྱུང་གི་ཡོད་པ་བཀོད་འདུག་ལ།
སྤྱིར་དབྱར་རྩ་དགུན་འབུ་དེ་བཞིན་བོད་མཐོ་སྒང་ཁོ་ནར་སྐྱེས་པའི་སྐྱེས་དངོས་ཤིག་ཡིན་པ་དང་། བོད་སྨན་དང་རྒྱ་སྨན་སྲོལ་རྒྱུན་གསོ་བ་རིག་པའི་སྨན་སྦྱོར་གྱི་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་ནང་། དབྱར་རྩ་དགུན་འབུས་སྐྲན་ནད་དང་། མཁལ་མའི་ན་ཚ། འཁྲིག་སྤྱོད་མི་ཐུབ་པའི་ན་ཚ་སོགས་ལ་ཕན་ཐོགས་ཡོད་པ་བརྗོད་བཞིན་ཡོད་ཀྱང་། ནུབ་ཕྱོགས་ཚན་རིག་ཞིབ་འཇུག་ཁང་ནང་དབྱར་རྩ་དགུན་འབུའི་ཕན་ཡོན་སྤྱི་དང་ལྷག་པར་དུ་བོད་ས་མཐོ་ནས་སྐྱེས་པའི་དབྱར་རྩ་དགུན་འབུའི་ཕན་ཡོན་གྱི་ནུས་པར་བརྟག་དཔྱད་མཐིལ་ཕྱིན་བྱེད་པའི་ཡོངས་ཁྱབ་གྲུབ་དོན་ད་བར་མཐོང་རྒྱུ་དེ་ཙམ་མེད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།