ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ།
2012.02.04
༄༅༎ཁེ་ན་ཌའི་སྲིད་བློན་སིཀྲི་ཕེན་ཧའར་པར་མཆོག་ཟླ་བ་འདིའི་ཕྱི་ཚེས་༨ ནས་༡༡ བར་ཉིན་གྲངས་བཞིའི་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་དེ་མིན་གྱི་གྲོང་ཁྱེར་ཁག་གཉིས་ནང་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་དང་སྲིད་བློན་ལྦེན་ཅ་བའོ་གཙོས་པའི་དཔོན་རིགས་ཁག་ཅིག་དང་གྲོས་མོལ་བྱ་རྒྱུ་ཡིན་ཞིང༌། སྲིད་བློན་ཧའར་པར་མཆོག་གི་མགྲིན་ཚབ་པ་ཨེན་དྲིརུ་མེཀ་དྲུ་གལ་གྱིས་རེས་གཟའ་པ་སངས་ཉིན་གསུངས་པར། ཁེ་ན་ཌའི་རྒྱལ་ཁབ་ཀྱི་རྡོ་སྣུམ་གྱི་ཚོང་ལས་དེ་རྒྱ་ནག་ལ་སྤོ་རྒྱུའི་ཐད་ཁེ་ན་ཌའི་ཐོག་ནས་མཐའ་ཅིག་ཏུ་འདོད་པ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་རེས་སྲིད་བློན་ཧའར་པར་མཆོག་དང་ལྷན་དུ་ཁེ་ན་ཌའི་རང་འབྱུང་ཐོན་ཁུངས་བློན་ཆེན་དང་ཚོང་ལས། ཕྱི་སྲིད་ལས་དོན་བློན་ཆེན་སོགས་བློན་ཆེན་ལྔ་མཉམ་དུ་འཚམས་འདྲིར་ཕེབས་ཡོད་ཅིང། ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཁེ་ན་ཌ་ནས་ཨ་རིའི་མངའ་སྡེ་ཀྲེཀ་སེསི་བར་རྡོ་སྣུམ་གྱི་ལྕགས་གདོང་བཙུགས་རྒྱུར་ཁས་ལེན་མ་གནང་བར་བརྟེན་ནས། ཁ་ན་ཌའི་སྲིད་བློན་གྱིས་བློ་ཕམ་ཆེན་པོ་བྱུང་བ་ཨོ་སྦ་མ་ལ་གསུངས་ཡོད་པ་མ་ཟད། ལྕགས་གདོང་གི་གནད་དོན་དེ་ནི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ལས་དོན་ནང་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཏེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ནིའུཏ་གིང་རིཆ་དང་མིཏ་རོམ་ནི་གཉིས་ནས་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན་ཨ་རིའི་ས་ཐོག་ཏུ་རྡོ་སྣུམ་གྱི་ལྕགས་གདོང་བཙུགས་རྒྱུའི་བཀའ་ཁྲོལ་གནང་གི་ཡིན་ཞེས་ཁས་ལེན་གནང་གི་ཡོད་པ་རེད། འཛམ་གླིང་ནང་ནས་རྡོ་སྣུམ་ཐོན་ཁུངས་མང་ཤོས་ཨང་དང་པོ་སའོ་རྡི་ཨ་རེ་སྦི་ཡ་དང། གཉིས་པ་ལྦེ་ནེ་ཛུའེ་ལ་གྱི་རྗེས་སུ་ཨང་གསུམ་པ་ཁེ་ན་ཌ་ཡིན་ཞིང༌། ཉིན་རེར་རྡོ་སྣུམ་སྦེ་རེལ་སི་(Barrels)ས་ཡ་གཅིག་དང་ཕྱེད་ཀ་ཐོན་སྐྱེད་བྱེད་པ་དང༌། མ་འོངས་༢༠༢༥ ནང་ཚུད་ལ་ཉིན་རེར་རྡོ་སྣུམ་ས་ཡ་བཞི་ཙམ་ཐོན་སྐྱེད་བྱ་རྒྱུའི་སྔོན་དཔགས་བྱེད་ཀྱི་ཡོད་ཅིང༌། ཁེ་ན་ཌའི་ཕྱོགས་ནས་རྡོ་སྣུམ་གྱི་ཚོང་འབྲེལ་དེ་རྒྱ་ནག་ལ་སྤོ་རྒྱུའི་རྣམ་པ་ཤུགས་ཆེ་རུ་འགྲོ་བ་མ་ཟད། ཁེ་ན་ཌའི་ལྷོ་ཕྱོགས་ཞིང་ཆེན་ཨེལ་སྦར་ཀྲ་མཐོ་རིམ་སློབ་གྲའི་ནུས་ཤུགས་ཐད་ལ་ཞིབ་འཇུག་པ། ལྦེན་རན་ཅང་ཞུ་བས། ད་རེས་ཁེ་ན་ཌའི་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེ་ནི་དངོས་སུ་ཨ་མི་རི་ཀར་ཉེན་བརྡ་བཏང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།