༄༅༎ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཡུལ་དེའི་གཏེར་ལས་ཁང་ཀོན་ཊི་ནེན་ཊལ་མིནེ་རེལསེ་ཞེས་པས་བོད་ནང་ཟང་གི་གཏེར་ལས་གནང་ཕྱོགས་ཐད་སྐྱོན་བརྗོད་གནང་འདུག
གཏེར་ལས་ཁང་དེའི་ལོ་རེའི་ཚོགས་ཆེན་གྱི་སྔ་ནུབ་ཏུ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་གཏེར་ལས་ཁང་དེའི་ཕྱི་ལོ་ཉིས་སྟོང་བདུན་ལོའི་སྙན་ཐོའི་ནང་དོན་ལུང་འདྲེན་གྱིས་གཏེར་ལས་ཁང་དེས་བོད་ནང་ཧྲེ་ཏོང་མོན་ཟང་གི་གཏེར་ཁའི་ལས་དོན་ཡིག་ཐོག་གསལ་བ་རྣམས་ལག་ལེན་བསྟར་མེད་ལུགས་སྐྱོན་བརྗོད་གནང་འདུ་ག སྙན་ཐོ་དེ་བཞིན་གཏེར་ལས་ཁང་དེའི་སློབ་སྟོན་པ་དང་ད་ཆ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ཡུལ་ཡོད་ལུགས་ལྦན་ཀུ་ལྦར་ཚོགས་པའི་ཡན་ལག་གི་འགན་འཛིན་གཞོན་པ་མ་ཏི་སྦར་ན་སྦི་ཡིས་གསུངས་གནང་འདུག སྙན་ཐོའི་ནང་བོད་ནང་གི་གཏེར་ལས་ཁང་དེས་མི་རིགས་དབྱེ་འབྱེད་མེད་པར་ལས་ཀ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་བོད་མི་ཚོར་དམའ་རིམ་ངལ་རྩོལ་བའི་ལས་སྣེ་མ་གཏོགས་སྤྲད་མེད་པའི་སྐོར་དང་ཁོར་ཡུག་སྲུང་སྐྱོབ་ཐད་རེ་བ་དང་སྨོན་ལམ་རྒྱབ་ཙམ་ལས་མེད་པ་དང་སྤྱི་ཚོགས་དང་འབྲེལ་མཐུད་ཀྱིས་བྱེད་སྒོ་ཁག་རྒྱ་ནག་གི་ཆབ་སྲིད་ཀྱི་དྲག་ཤུགས་ཁོ་ནའི་ཐོག་ཕྱིན་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་འདུག བློ་འཚབ་ཆེ་ཤོས་གཅིག་ནི་སྙན་ཐོ་དེའི་ལེའུ་བདུན་པའི་ནང་ས་གནས་ཀྱི་མི་མང་འབྲེལ་ལམ་བྱེད་ཕྱོགས་སྐོར་ཡིན་པ་དང་དེའི་ནང་གཏེར་ལས་ཁང་གིས་འགན་འཛིན་ཚོས་གཏེར་ལས་ཁང་དེའི་འཆར་གཞིའི་དམིགས་ཡུལ་སོགས་ཞིབ་ཕྲ་མང་ཚོགས་ལ་གསལ་བཤད་བྱས་ཡོད་ལུགས་གསུངས་ཡོད་ལུགས་བརྗོད་ཡོད་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ལ་དེ་ལྟར་བྱས་ནས་མང་འཕྲོད་ནང་དཀྲོག་རྐྱེན་གྱི་རང་བཞིན་ལ་ཁ་གཡོག་གིས་ལག་བསྟར་བྱས་མེད་པ་རེད། ཡང་ལེའུ་ནང་གསེས་གཉིས་པའི་ནང་ཕྱི་ལོ་ཉིས་སྟོང་དྲུག་ལོའི་དོན་རྐྱེན་ལུང་འདྲེན་གྱིས་དེ་སླར་ཡང་མི་ཡོང་བའི་ཆེད་དུ་གཏེར་ལས་ཁང་དེས་མང་ཚོགས་ལ་བདུན་གཅིག་རིང་སློབ་གསོའི་ལས་འགུལ་བ་མ་ཟད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁས་ལེན་སོགས་འཁོད་པའི་ཡིག་ཆ་དཔར་ལྡན་ཡིད་དུ་འོང་བ་འགྲེམས་སྤེལ་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཀོན་ཊི་ནེན་ཊལ་གཏེར་ལས་ཁང་གིས་དྲ་རྒྱའི་ངོས་ལ་གང་ཁས་ལེན་བྱས་པ་རྣམས་དངོས་སུ་ལག་ལེན་བསྟར་དགོས་པ་མ་ཟད་རང་དབང་ཅན་གྱི་ཆེད་ལས་དང་བཙན་བྱོལ་བོད་གཞུང་དང་འབྲེལ་བ་གནང་དགོས་ལུགས་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་འབོད་སྐུལ་ཞུས་གནང་འདུག།