ཁེ་ན་ཌས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དོ་སྣང་བྱེད་བཞིན་པ་ནན་བརྗོད།
2018.10.03

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དོ་སྣང་བྱེད་བཞིན་པ་དང་བོད་རྒྱ་ཞི་མོལ་བྱེད་རྒྱུར་རྒྱབ་སྐྱོར་ཡོད་པ་ནན་བརྗོད་གནང་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་(Chrystia Freeland)་མཆོག་གིས་ཁེ་ན་ཌས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་དོན་སྙིང་ཅན་དང་དོན་དམ་པའི་འབྲེལ་མོལ་ཡོང་བར་རྒྱབ་སྐྱོར་གནང་གི་ཡོད་སྐོར་ཡང་བསྐྱར་ནན་བརྗོད་གནང་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འབྱུང་ཐབས་སུ་བཏོན་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་གཞུང་འབྲེལ་གྱི་ཐོག་ནས་རྒྱབ་སྐྱོར་ཡོད་པ་གསུངས་མེད་ན་ཡང་། བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཐོབ་ཐང་དགོས་པ་སོགས་ལ་རྒྱབ་སྐྱོར་གནང་བ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྒྱ་མི་དམར་པོའི་རིག་གཞུང་དང་མཉམ་བསྲེས་དབྱེར་མེད་བཟོ་ཐབས་ལ་ངོ་རྒོལ་གནང་བ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་གནང་བའི་གྲོས་གཞི་མང་པོ་གསལ་ཁ་བཏོན་གནང་འདུག
(Canada Tibet Committee) ཞེས་པ་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ན་ཌར་རང་སྐྱོང་ལྗོངས་ཀྱི་གནས་བབ་གོ་སྒྲིག་གནང་ཕྱོགས་ཐད་ཡུལ་དེའི་མངའ་སྡེ་ཁག་དང་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་མཉམ་དུ་ཞི་སྒྲིག་གནང་རྒྱུའི་ཐུན་མོང་མ་ཡིན་པའི་ཉམས་མྱོང་ཡོད་པ་དང་ཉམས་མྱོང་དེ་ཡིས་བོད་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་མོལ་རིམ་པ་གསར་པ་ཞིག་གི་དགོས་མཁོ་སྒྲུབ་རྒྱུར་ཕན་ཐོག་ཆེན་པོ་ཡོད་སྐོར་གསུངས་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་(Chrystia Freeland)མཆོག་གིས་ད་དུང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་ཚབ་ཆེན་པོ་གནང་གི་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེ་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་ཟླ་ཡིན་པ་མ་ཟད། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་ཆིང་དོན་སོགས་ལ་འགན་ལེན་བྱས་པ་དང་འགལ་གྱི་ཡོད་སྐོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གསུངས་འདུག
ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་གནང་བ་དེ་ནི་འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ཁེ་ན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་(Randall Garrison)་མཆོག་གིས་བོད་དོན་དང་འབྲེལ་ཡོད་སྐོར་དྲི་བ་ཁག་གཅིག་འབུལ་ལམ་ཞུས་པར་བཀའ་ལན་གནང་བ་ཞིག་ཡིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།