ཁེ་ཎ་ཊའི་གྲོང་ཁྱེར་ཀྲོན་རོན་ཀྲོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་བོད་ཀྱི་ཉིན་མོ་ཐེངས་བདུན་པ་སྲུང་བརྩི་གནང་འདུག
དེ་ཡང་འདི་ཟླའི་ཚེས་༡༣ ཉིན། ཁེ་ཎ་ཊའི་གྲོང་ཁྱེར་ཀྲོན་རོན་ཀྲོ་ས་གནས་གྲོས་ཚོགས་ཀྱི་(queen's park)ཚོགས་ཁང་ནང་དུ། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བོད་ཀྱི་གྲོགས་པོ་ཚོགས་པ་དང་། ས་གནས་ཀྱི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་མཉམ་རུབ་ཀྱིས་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་དང་། གོ་སྒྲིག་མི་སྣའི་གྲས་བསོད་ནམས་གླང་དཀར་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་ལྟ་བུའི་མཛད་རིམ་གོ་སྒྲིག་བྱས་ནས་གཙོ་བོ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་། ས་གནས་ཀྱི་བོད་རིགས་ཚོགས་པ་ཁག་བར་འབྲེལ་བ་ཡོང་སླད་དང་། དམིགས་གསལ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བོད་ཀྱི་གྲོགས་པོ་ཚོགས་པ་ཁག་ནས་བོད་ནང་གི་འགྲོ་བ་མི་ཡི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་རང་དབང་། དེ་མིན་དབུ་མའི་ལམ་ལ་རྒྱབ་སྐྱོར་གང་མང་རག་ཐབས་སུ་དམིགས་ནས་སྐོང་འཚོགས་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྐབས་དེར་ཨོན་ཏྲེ་རེ་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། ཁེ་ཎ་ཊའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གཉིས་ནས་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། ས་གནས་བོད་མིའི་གནས་བབ་བཅས་ཀྱི་ཐོག་ངོ་སྤྲོད་གཏམ་བཤད་གནང་བ་དང་། བོད་དོན་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་འཁྲིད་ལགས་ནས་མངའ་སྡེའི་ནང་འདི་ལོ་བོད་ཕྲུག་སློབ་མ་བཞི་ལ་གྲོས་ཚོགས་ནང་ཆབ་སྲིད་ཀྱི་ཟབ་སྦྱོང་གནང་བཞིན་ཡོད་པ་དང་། མ་འོངས་པར་མངའ་སྡེར་ཞབས་ཞུ་ཞུ་རྒྱུའི་རེ་བ་བཅངས་བཞིན་ཡོད་པ་ངོ་སྤྲོད་གནང་སོང་།
ད་ཐེངས་ཀྱི་བོད་ཀྱི་ཉིན་མོ་ཐེངས་བདུན་པ་སྲུང་བརྩིའི་སྐབས་ཨོན་ཏྲེ་རེ་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་༤༠་ལྷག་ཙམ་ཞིག་མཉམ་ཞུགས་གནང་ཡོད་པ་རེད།
0:00 / 0:00