ཁེ་ཎ་ཌའི་གནད་ཡོད་མི་སྣས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར།
2019.03.04
ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་གསུང་འཕྲིན་ཞིག་གནང་འདུག
ཁེ་ཎ་ཌའི་ཕྱོགས་འགལ་རྙིང་ཞེན་ཚོགས་པའི་དབུ་ཁྲིད་དང་གྲོས་ཚོགས་འོག་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཨན་ཌརཱུ་ཤིཡར་(Andrew Scheer) མཆོག་གིས་ཡོངས་ཁྱབ་གནང་པའི་གསུང་འཕྲིན་དེའི་ནང་། བོད་མིའི་རང་དབང་སྒེར་ལངས་སུམ་ཅུའི་དུས་དྲན་གྱི་ཉིན་མོར་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་བོད་མིའི་ཞི་བདེ་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་གསུངས་ཡོད་པ་རེད། ཁོང་གི་གསུང་འཕྲིན་དེའི་ནང་སུམ་བཅུའི་སྒེར་ལངས་ཀྱི་ཉིན་མོ་འདིར་སླར་ཡང་བོད་མི་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམས་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་ལེན་བྱེད་བཞིན་པ་རེད་ཅེས་དང་། བོད་མི་ཚོས་འདས་པའི་ལོ་ ༦༠ རིང་གི་འདྲ་མཉམ་དང་དྲང་བདེན་གྱི་འཐབ་རྩོད་འདི་མུ་འཐུད་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་རྩོད་ལེན་བྱེད་པ་འདི་ནི་བོད་མི་ཚོའི་ཞུམ་པ་མེད་པའི་སྟོབས་དང་ཆོད་སེམས་ཀྱི་མཚོན་རྟགས་ཤིག་ཡིན་པ་གསུངས་ཡོད་པ་རེད།
ད་དུང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌརཱུ་ཤི་ཡར་ལགས་ཀྱི་གསུང་འཕྲིན་དེའི་ནང་། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་ནག་ནང་ཆོས་དད་རང་དབང་མེད་པའི་གནད་དོན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཤུགས་ཆེ་འབྱུང་ཐབས་ཐད་ལས་དོན་སྤེལ་བཞིན་པར་བསྔགས་བརྗོད་གནང་པ་དང་སྦྲགས། དབུ་མའི་ལམ་གྱི་ཐབས་ལམ་འདི་ནི་བོད་རྒྱ་འགྲིག་འཇགས་ཡོང་རྒྱུར་མདུན་དུ་སྤོ་རྒྱུའི་གོམས་པ་བཟང་པོ་ཞིག་ཡིན་པ་ངོས་ལེན་གནང་ཡོད་པ་རེད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། ཁེ་ཎ་ཊའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་(Andrew Sheer) མཆོག་ལ་ཁོང་ནས་བོད་མིར་རྒྱབ་སྐྱོར་གྱིས་གསུང་འཕྲིན་སྩལ་གནང་བར་ཐུགས་རྗེ་ཆེས་ཞུས་གནང་འདུག