རྒྱ་གཞུང་གིས་ཁེ་ན་ཌའི་བོད་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ལ་བཀག་སྡོམ་ཉེས་ཆད་བཀལ་བར་ཁེ་ན་ཌའི་གཞུང་གིས་རྒོལ་ལན་སློག་འདུག

2024.12.25
རྒྱ་གཞུང་གིས་ཁེ་ན་ཌའི་བོད་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ལ་བཀག་སྡོམ་ཉེས་ཆད་བཀལ་བར་ཁེ་ན་ཌའི་གཞུང་གིས་རྒོལ་ལན་སློག་འདུག གྲོས་ཚོགས་འཐུས་མི་ཇེམ་སི་མེ་ལོ་ནི་ལགས་དང་ཁེ་ན་ཌ་དང་རྒྱ་ནག་གི་རྒྱལ་དར།
Reuters

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཟླ་ ༡༢ ཚེས་ ༢༢ ཉིན། རྒྱ་ནག་གཞུང་ངོས་ནས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཁེ་ན་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་དང་འབྲེལ་ཡོད་མི་སྣ་ ༢༠ ཐོག་རྒྱ་ནག་གིས་དཔལ་འབྱོར་གྱི་དམ་དྲག་དང་ཐོངས་མཆན་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དེའི་ལན་འདེབས་སུ། འདི་ཚེས་ ༢༤ ཉིན་ ཁེ་ན་ཌའི་གཞུང་གིས་རྒྱ་ནག་གཞུང་ངོས་ནས་རྒྱ་ནག་གི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་མི་རྣམས་ལ་དྲག་གནོན་དང་། བཀག་སྡོམ་བྱེད་ཆེད་ཁེ་ན་ཌར་གནས་སྡོད་མི་རྣམས་ཀྱི་ནང་མི་དང་གྲོགས་པོ་བཅས་ལ་སྡིག་སྐུལ་དང་། འཚེ་བའི་ཉེས་ཆད་སོགས་བཀལ་ཡོད་པར་ཁེ་ན་ཌའི་གཞུང་ངོས་ནས་ནམ་ཡང་ངོས་ལེན་མེད་ཅེས་དང་། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ངོས་ནས་རྒྱ་ནག་གཞུང་གིས་ཉེས་ཆད་བཀལ་བའི་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་དང་ཆབས་ཅིག རྒྱ་ནག་ཏུ་གནས་སྡོད་ཁེ་ན་ཌའི་མི་སེར་རྣམས་ལ་རྒྱ་ནག་རྒྱལ་ནང་གི་ཁྲིམས་བཅད་སོགས་ཀྱི་བཙན་གནོན་དུ་མི་ཚུད་རྒྱུར་དོགས་གཟོན་དགོས་རྒྱུ་དང་། ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ངོས་ནས་རྒྱ་ནག་ནང་བཀག་སྡོམ་ཉེས་ཆད་དེ་རིགས་ཀྱིས་གནོད་འཚེ་ཕོག་ཡུལ་གྱི་ཁེ་ན་ཌའི་མི་སེར་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་ནམ་ཡང་གྲ་སྒྲིག་ཡོད་སྐོར་གྱི་བསྒྲགས་གཏམ་ཞིག ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་དྲ་ཚིགས་སུ་བཀོད་འདུག

Canada (1).png
ཁེ་ན་ཌའི་གཞུང་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཇེམ་སི་མེ་ལོ་ནི་ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ།

གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཆེད་མཁས་པ་ཁག་ཅིག་ནས་ཀྱང་། རྒྱ་ནག་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གུས་བརྩི་མེད་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ནག་ཉེས་དེ་དག་ལ་ལན་འདེབས་གསལ་བཤད་དགོས་པ་ཐེར་འདོན་གནང་ཡོད་པ་རེད་ལ། ཟླ་བ་འདིའི་ཚེས་ ༢༤ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (James Maloney) ལགས་ནས་ཀྱང་གནད་དོན་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པའི་ཆ་ནས་ཁོང་ནས་གཡོ་མེད་ཀྱིས་ཁེ་ན་ཌའི་བོད་དོན་ཚོགས་པ་དང་ཁེ་ན་ཌའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་ལ་རྒྱབ་སྐྱོར་དང་རྒྱ་ནག་གིས་ཁོ་ཚོར་སྲིད་དོན་ཉེས་ཆད་བཀལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་།  ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཁེ་ན་ཌའི་གཞུང་ནས། ཉེས་ཆད་དེའི་ཁྲོད་གནོད་འཚེ་ཕོག་ཡུལ་མི་རྣམས་ཀྱི་སྲུང་སྐྱོབ་དང་བདེ་འཇགས་ཆེད་མུ་མཐུད་རྒོལ་ལན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

Canada.png
ཁེ་ན་ཌའི་གཞུང་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཇེམ་སི་མེ་ལོ་ནི་ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ།

རྩ་བའི་རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཁེ་ན་ཌའི་བོད་དོན་ཚོགས་པའི་མི་སྣ་ལྔ་ནི་ཚོགས་གཙོ་ལྷ་ལུང་པ་བསམ་འཕེལ་ལགས་དང་།  ཚོགས་གཞོན་ལུའི་ས་ ཌུ་རན་ཊེ་ (Luisa Durante) ལགས།  ལག་བསྟར་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས། ཚོགས་མི་ ཨེལི་ཛ་ ཝོན་ སྦཡེ་ཡར་ (Eliza Von Baeyer) ལགས་སོགས་ཡིན་པ་དང་། དེ་བཞིན་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལག་བསྟར་འགན་འཛིན་མེཧ་མཊ་ ཊོ་ཊི་ (Mehmet Toti) ལགས་དང་ཐབས་ཇུས་དང་དྲིལ་བསྒྲགས་འགན་འཛིན་འཇསི་མིན་ ཀཡེཐི་ (Jasmine Kaith) ལགས་སོགས་མི་གྲངས་ ༡༥ ཐོག་བཀག་རྒྱ་བཏང་ཡོད་པ་རེད།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་(X)་སྤྱི་ཚོགས་དྲྭ་རྒྱའི་ཐོག རྒྱ་ནག་གིས་ཁེ་ན་ཌའི་བོད་དོན་ལས་འགུལ་ཁང་ལ་ཉེས་ཆད་བཀེལ་བ་དེ་ནི་རང་དབང་ལུང་པའི་ནང་གི་བོད་མིའི་འབོད་སྒྲར་འགོག་གནོན་དམ་དྲག་བྱས་པ་གསལ་པོ་ཡིན་ཞིང་། ཛ་དྲག་ཅན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་ཅེས་དང་། བོད་དོན་ཞུ་གཏུགས་བྱེད་མཁན་གྱི་ཚོགས་པ་ཞིག་ལ་བཙན་གནོན་གྱི་ཐབས་ལམ་འཛིན་པ་འདི་རྒྱལ་མཚམས་བརྒལ་ཏེ་གཞི་རྩའི་རང་དབང་དང་མང་གཙོའི་ལྟ་གྲུབ་ལ་འཇིགས་སྐུལ་བྱས་པའི་བྱ་སྤྱོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་འདུག

རྒྱ་ནག་གིས་ཁེ་ན་ཌའི་ནང་གི་བོད་དང་ཡུ་གུར་གྱི་ལས་དོན་ཚོགས་པ་དང་མི་སྣར་ཉེས་ཆད་བཀལ་པ་འདི་ནི་ཉེ་སྔོན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཁེ་ན་ཌ་གཞུང་གིས་ད་ལྟ་དང་དེ་སྔ་ཤིན་ཅང་དང་བོད་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་བྱེད་མྱོང་མཁན་ ཁྲན་ཆོན་ཀོ་དང་ད་ལྟ་ལྐོག་ཟ་རུལ་སུངས་ཐོག་ལས་གནས་ནས་ཕྱིར་ཕུད་བཏང་བའི་ ཝུ་ཡིན་ཇི་ སོགས་དཔོན་རིགས་ཁག་ཅིག་གི་ཁེ་ན་ཌའི་ནང་གི་རྒྱུ་དངོས་བཀག་སྡོམ་དང་ཁེ་ན་ཌའི་ནང་ཡོང་མི་ཆོག་པའི་ཐོངས་མཆན་བཀག་སྡོམ་གྱི་བཀའ་རྒྱ་བཏང་བ་དེར་འཁོན་ལན་སློག་པ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་འདུག

དེ་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ང་ཚོས་རྒྱ་ནག་གཞུང་གིས་ཚོགས་པ་དང་མི་སྒེར་དེ་དག་ལ་ཉེས་ཆད་བཀེལ་ཐག་གཅོད་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། རྒྱ་ནག་རྒྱལ་ཁབ་ཕྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་བློ་ཁོག་ཆེན་པོས་འབོད་སྒྲ་སྒྲོག་མཁན་ཚོར་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་རིགས་མཚམས་འཇོག་གིས་གནོད་འཚེ་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དང་། ཁེ་ཎ་ཌའི་བོད་དོན་ཚོགས་པ་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཚོགས་པའི་ལས་གཞི་བཅས་ཀྱིས། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་དང་མནར་གཅོད་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་གནང་བའི་བློ་སྟོབས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག།

གསར་འགོད་པ། བསྟན་འཛིན་ནོར་འཛོམས། རྡོ་རྗེ་སྒྲོལ་མ། གཡུ་སྒྲོན།

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག བདེ་སྐྱིད་ཀུན་སྒྲོལ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎