རྒྱ་ནག་གི་དམག་དོན་འགྲོ་གྲོན་ཕྱིར་བསྒྲཌ་བྱས་པ་ལས་མང་།
2011.01.07
༄༅༎རྒྱ་ནག་གཞུང་གིས་དམག་དོན་ཐོག་འགྲོ་གྲོན་ཕྱིར་བསྒྲགས་བྱས་པའི་ཨ་སྒོར་ཐེར་འབུམ་བདུན་ཅུ་ལས་མང་བ་ཡོད་པ་ཨོ་སི་ཁྲོ་ལི་ཡའི་གསར་ཤོག་གིསགཟའ་པ་སངས་ཉིན་ལྦི་ཀི་ལིཀ་wikileaksཞེས་པའི་དྲ་རྒྱའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ནས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པ་རེད་
ལྦི་ཀི་ལིཀ་དྲ་རྒྱས་ཨ་རིའི་ཕྱི་འབྲེལ་དཔོན་རིགས་ཀྱི་ཡིག་འགྲུལ་གནས་ཚུལ་ཕྱིར་བཏོན་བྱས་པའི་ནང་ ཨོ་སི་ཁྲོ་རི་ཡའི་གསང་བའི་ལས་ཁང་གིས་ཕྱི་ལོ་ཉིས་སྟོང་དྲུག་པོའི་རྒྱ་ནག་གི་དམག་དོན་འགྲོ་གྲོན་གནད་དོན་ཐོག་ཞིབ་འཇུག་བྱས་པའི་གསང་བའི་གནས་ཚུལ་ཨ་རིའི་གཞུང་ཚབ་ལ་བཏང་བའི་ནང་ རྒྱ་ནག་གིས་ཕྱི་ལོ་ཉིས་སྟོང་དྲུག་པོའི་དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་བདུན་ཅུ་བཏང་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་ན་ཡང་ དོན་དངོས་ཐོག་རྒྱ་ནག་གཞུང་གིས་དམག་དོན་ཐོག་བཏང་བའི་འགྲོ་གྲོན་རྒྱ་ནག་རང་ཉིད་ཀྱིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་ལས་ཧ་ཅང་གིས་མང་བ་ཡོད་པ་མ་ཟད་ རྒྱ་ནག་གཞུང་གིས་དམག་དོན་སྟོབས་ཤུགས་ཁྱབ་སྤེལ་བྱེད་རྒྱུའི་ལས་དོན་དེ་བཞིན་རང་སྲུང་དགོས་མཁོ་ལས་གལ་གྱི་ཡོད་པའི་ཁར་ རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཀྱིས་ཐའེ་ལྦན་དང་དམག་འཐབ་བྱུང་ཚེ་རྒྱ་ནག་གིས་ཐའེ་ལྦན་གྱི་དམག་དོན་སྟོབས་ཤུགས་ལས་རྣམ་པར་རྒྱལ་ཐུབ་པའི་ནུས་པ་ལྡན་ཡོད་ལུགས་སོགས་འཁོད་ཡོད་པ་རེད་ སྙན་ཐོ་དེའི་ནང་ད་དུང་འཁོད་པར་རྒྱ་ནག་གི་དམག་དོན་སྟོབས་ཤུགས་རྒྱ་སྐྱེད་གཏང་བ་དང་དམག་དོན་ཐོག་གི་འགྲོ་གྲོན་ཁ་གསལ་མེད་པའི་ཁར་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཀྱིས་ཨི་ཤི་ཡའི་ནང་ཞི་བདེ་བརྟན་ལྷིང་མེད་པའི་རྣམ་པ་ཞིག་སྐྲུན་བཞིན་ཡོད་པའི་སྐོར་འཁོད་ཡོད་པ་རེད་ལ་ སྙན་ཐོ་དེའི་ནང་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཆེ་རུ་གཏོང་བཞིན་པ་དང་ཕྱོགས་མཚུངས་རྒྱ་ནག་མི་མང་བཅིངས་འགྲོལ་དམག་དཔུང་ལ་དམག་འཐབ་དངོས་བྱས་པའི་ཉམས་མྱོང་མེད་པ་དང་ ལྷག་པར་དུ་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་རྣམ་འགྱུར་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་པའི་འོག་རྒྱ་ནག་མི་མང་མང་པོས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་གི་གནས་བབ་མཐོ་རུ་གཏོང་རྒྱུའི་དགོས་འདུན་ཤུགས་ཆེའི་འོག་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་དམག་དོན་སྟོབས་ཤུགས་ལ་ཡིད་ཆེས་བྱེད་རྒྱུ་ཤུགས་ཆེ་དྲག་ནས་གནད་དོན་ཆུང་རྩག་ཅིག་བྱུང་ཡང་ དེས་རྐྱེན་པས་དྲག་པོའི་གདོང་ཐུག་ཡོང་སྲིད་པའི་དབྱེ་ཞིབ་བྱས་ཡོད་པ་རེད༎