འབར་མའི་དམངས་གཙོ་དོན་གཉེར་བ་བཞུགས་སྒར་དུ་ཕེབས་པ།
2010.01.30
༄༅༎ཉེ་དུས་ནང་པའི་དགེ་སློང་གཉིས་ཐེ་པའི་འབར་མའི་དམངས་གཙོ་དོན་གཉེར་བ་༡༦གི་ཚོགས་ཆུང་ཞིག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་གཟིགས་སྐོར་གནང་བར་ཕེབས་འདུག།
འབར་མའི་དམངས་གཙོ་དོན་གཉེར་བའི་ཚོགས་ཆུང་དེ་ཕྱི་ཚེས་༢༤ནས་བཟུང་ཉིན་གྲངས་བཞིིའི་རིང་བཞུགས་སྒར་དུ་གཟིགས་སྐོར་གནང་ཡོད་ཅིང། རེས་གཟའ་ཟླ་བའི་ཉིན་ཁོང་རྣམ་པས་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་སྤྱི་འཐུས་རྣམ་པ་ཚོ་དང་མཇལ་འཕྲད་གནང་འདུག། ད་རེས་ཀྱི་གཟིགས་སྐོར་དེ་བོད་པའི་སློབ་ཕྲུག་ཚོའི་གདན་ཞུའི་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་གནང་བའི་འབར་མའི་ལྟེ་གནས་ཁང་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང༌། འབར་མའི་ཚོགས་ཚུང་དེས་བོད་ཀྱི་བུད་མེད་ལྷན་ཚོགས་དང་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་ནས་འབར་མའི་གནད་དོན་སྐོར་གྲོས་མོལ་གནང་འདུག། ཡང་ཁོང་རྣམ་པས་ ༢༠༠༧ལོར་འབར་མ་ཁུལ་ ནང་པའི་དགེ་སློང་ཚོས་ཡུལ་གྱི་ནང་རང་དབང་དང་དམངས་གཙོ་སླར་གསོ་ཐུབ་པའི་རེ་བ་བཅངས་གནང་པའི་ཐོག་ནས་ཞི་བའི་ངོ་རྒོལ་ གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པ་དེའི་སྐོར་གྱི་དངོས་འབྱུང་གློག་བརྙན་འབར་མི་ལྦི་ཇེ་ཞེས་པ་དེ་གཟིགས་འབུལ་ཞུས་འདུག།
འབར་མའི་དམངས་གཙོ་དོན་གཉེར་བ་དང་བོད་པའི་སྤྱི་འཐུས་རྣམ་པ་ཚོའི་དབར་མཇལ་འཛོམས་གནང་བའི་སྐབས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་དམངས་གཙོའི་རྒྱལ་ཁབ་ནང་འོས་བསྡུ་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་དུས། འབར་མའི་དྲག་པོའི་གཞུང་གིས་༢༠༡༠ལོར་ཡུལ་གྱི་ནང་རང་དབང་དང་དྲང་བདེན་གྱི་སྒོ་ནས་རྒྱལ་ཡོངས་འོས་བསྡུ་ཚུགས་ཐུབ་པའི་འགན་སྲུང་གནང་དགོས་རྒྱུའི་སྐུལ་མ་དང་སྦྲགས། འབར་མའི་མང་ཚོགས་ལ་སོ་སོའི་དབུ་འཁྲིད་རང་དབང་དང་ཞེད་སྣང་མེད་པའི་སྒོ་ནས་འོས་འདེམས་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་གསུངས་བཞག།