༄༅༎འབར་མའི་སྲིད་འཛིན་ཐེཨིན་སེཨིན་མཆོག་ནས་འབར་མ་གཞུང་གིས་དམངས་གཙོའི་ལམ་བུར་མུ་མཐུད་ནས་མདུན་སྐྱོད་བྱ་རྒྱུ་ཁས་ལེན་གནང་སྟེ་ ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ནང་དཔལ་འབྱོར་གྱི་དམ་བསྒྲཌ་བྱེད་བཞིན་པ་ཕྱིར་འཐེན་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད་ འབར་མའི་སྲིད་འཛིན་གྱིས་གཟའ་པ་སངས་ཉིན་ཨ་རིའི་ཝ་ཤིན་ཀྲོན་ཕོའོ་སེ་ཡི་ཚགས་ཤོག་གི་བཅའ་དྲིར་ལན་འདེབས་གནང་བའི་སྐབས་འབར་མ་གཞུང་གིས་ནུབ་ཕྱོགས་ཡུལ་གྲུ་ཚོས་འབར་མའི་གཞུང་ལ་བཏོན་པའི་དགོས་འདུན་རྣམས་སྒྲུབ་ཡོད་པ་དང་ དེ་ཚོའི་ནང་ཆབ་སྲིད་བཙོན་པ་མང་ཆེ་བ་གློད་བཀྲོལ་བཏང་ཡོད་པ་མ་ཟད་ ཕྱི་ཟླ་བཞི་པའི་ནང་འོས་བསྡུ་སྤེལ་རྒྱུའི་དུས་བཀག་གཏན་འཁེལ་བྱེད་ཡས་དང་ ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཁྱི་སྲིད་གཞུང་གི་ལས་དོན་ཁག་ནང་མཉམ་བཞུགས་གནང་རྒྱུར་སྒོ་མོ་ཕྱེ་བ་སོགས་ཆ་རྐྱེན་སྒྲུབ་ཡོད་པས་ ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ནང་དཔལ་འབྱོར་གྱི་བཀག་སྡོམ་ཉེས་ཆད་ཕྱིར་འཐེན་གནང་རྒྱུ་དགོས་པ་གསུང་འདུག་ འབར་མའི་སྲིད་འཛིན་ཐེཨིན་སེན་གྱིས་ད་རེས་ཝ་ཤིན་ཀྲོན་ཕོའོ་སི་ཚགས་ཤོག་གིས་བཅའ་དྲིར་ལན་འདེབས་བྱས་པའི་གོ་སྐབས་དང་བསྟུན་ནས་ ཨ་རི་དང་ནུབ་ཕྱོགས་ཡུལ་ཁག་གིས་འབར་མའི་ནང་འཛིན་བཞིན་པའི་དཔལ་འབྱོར་བཀག་སྡོམ་གྱི་ཉེས་པ་ཕྱིར་འཐེན་བྱ་རྒྱུའི་དགོས་འདུན་བཏོན་ནས་དཔལ་འབྱོར་བཀག་སྡོམ་བྱེད་ཡས་དེས་འབར་མིའི་མི་མང་ལ་ཐད་ཀར་གནོད་ཚབས་ཡོང་གི་ཡོད་པ་མ་ཟད་ དེས་རྐྱེན་པས་འབར་མའི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་གནོད་འཚེ་ཕོག་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག