བོད་ཡིག་རྒྱ་གར་རྩ་ཁྲིམས་སུ་བཀོད་དགོས་སྐོར་རྔམ་སྟོན་ཁྲོམ་སྐོར།
བོད་ཡིག་དེ་བཞིན་རྒྱ་གར་གྱི་ཟུར་གསལ་མི་རིགས་ཀྱི་སྐད་ཡིག་ཡིན་པར་རྩ་ཁྲིམས་ནང་བཀོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག
-
2009-12-30 -
-
-
༄༅༎ལ་དྭགས་ཀྱི་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱིས་བོད་ཡིག་དེ་བཞིན་རྒྱ་གར་གྱི་ཟུར་གསལ་མི་རིགས་ཀྱི་སྐད་ཡིག་ཡིན་པར་རྩ་ཁྲིམས་ནང་བཀོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་སྟེ་ཁ་ས་རྒྱལ་ས་གླེའི་ནང་རྔམ་སྟོན་ཁྲོམ་སྐོར་གནང་འདུག
རྔམ་སྟོན་ཁྲོམ་སྐོར་དེ་ནི་ལ་དྭགས་ཀྱི་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་བཀྲིས་ཏར་གི་སི་ལགས་ཀྱིས་སྣེ་འཁྲིད་གནང་པ་དང་དེའི་ནང་སློབ་ཕྲུག་དང་བེུད་མང་པོ་མཉམ་ཞུགས་བྱས་པ་རྣམས་ཀྱིས་དགོས་འདུན་ཁག་དང་རྒྱ་གར་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་འཁོད་པའི་ཕྲེད་དར་ཁག་ལག་ཏུ་འཁྱེར་འདུག ཚོགས་གཙོ་བཀྲིས་ཏར་གི་སི་ལགས་ཀྱིས་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ལ་དྭགས་ཀྱི་མི་མང་རྣམས་ལ་དབྱེ་འབྱེད་བྱས་པར་གདོང་ལེན་བྱེད་དགོས་བྱུང་པ་དང་བོད་སྐད་དེ་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་ཨ་རུ་ན་ཅལ་ནས་ལ་དྭགས་བར་དུ་རྒྱབ་ཀྱི་ཡོད་པ་མ་ཟད་དེ་ནི་སྐད་ཡིག་རྙིང་ཤོས་ཤིག་ཡིན་རུང་རྒྱ་གར་གྱི་ཟུར་གསལ་མི་རིགས་ཀྱི་སྐད་ཡིག་ཡིན་པར་རྩ་ཁྲིམས་ནང་མ་བཀོད་པ་དང་མི་འབོར་དེ་ལས་ཉུང་བས་བེད་སྤྱོད་བྱེད་པའི་སྐད་ཡིག་ཁག་རྩ་ཁྲིམས་ནང་བཅུག་སྐོར་དེར་འདུས་མང་ཚོགས་ལ་གསུངས་འདུག ཡང་ཁོང་གིས་བོད་ཀྱི་གངས་དཀར་ཏི་སི་དང་མཚོ་མ་ཕམ་གཡུ་མཚོ་གནས་མཇལ་ཞུ་བར་ཕེབས་མི་ཚོའི་ཁེ་ཕན་ཆེད་དུ་ལ་དྭགས་བརྒྱུད་ནས་འགྲོ་རྒྱུའི་ལམ་བུ་དེ་སྒོ་ཕྱེ་དགོས་ངེས་ཡིན་པ་མ་ཟད་རྒྱ་གར་དབུས་གཞུང་གིས་ཐབས་ལམ་ཡོངས་རྫོགས་བེད་སྤྱོད་གནང་སྟེ་རྒྱ་མི་བོད་ནས་ཕྱིར་ལོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག ལ་དྭགས་ཀྱི་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་བཀྲིས་ཏར་གི་སི་ལགས་ཀྱིས་ད་བར་རྒྱ་གར་དབུས་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་འཛིན་སྟངས་རྐྱེན་གྱིས་རྒྱ་ནག་གིས་རྒྱ་གར་གྱི་ནང་སྲིད་གནད་དོན་ནང་ཐེ་བྱུས་བྱེད་འགོ་ཚུགས་པ་དང་ཕྱི་ལོ་༡༩༦༢་ལོར་ཀོང་རེསི་གཞུང་གིས་ས་ཁྱོན་ཀི་ལོ་མི་ཀྲར་༤༢༠༠༠་ཙམ་རྒྱ་ནག་ལ་ཤོར་བཅུགས་པ་དང་རྒྱ་ནག་གིས་རྒྱ་གར་གྱི་གནད་དོན་ལ་ཐེ་བྱུས་བྱེད་མུས་ཐད་ ད་ཆ་ཡང་བསྐྱར་ཀོང་རེསི་ཚོགས་པས་སྣེ་འཁྲིད་པའི་རྒྱ་གར་གཞུང་གིས་ཁ་བཙུམས་ནས་སྡོད་རྒྱུའི་ལངས་ཕྱོགས་ལག་བསྟར་བྱེད་ཀྱི་ཡོད་སྐོར་གསུངས་འདུག འདུ་ཚོགས་དེའི་ཐོག་ལ་དགས་ཀྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་ནོར་འཕེལ་ལགས་དང་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་སྒྲོལ་མ་ལགས་སོགས་ནས་ཀྱང་གསུང་བཤད་གནང་ཡོད་ལུགས་གནས་ཚུལ་འདུག།