༧གོང་ས་མཆོག་ལ་དྭགས་ནས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་འདུག


2017.08.02
ནང་བའི་བསྟན་པ་ཉག་ཕྲ་བའི་དུས་ལ་ཡོད། ནང་པའི་བསྟན་པ་ཉག་ཕྲ་བའི་དུས་ལ་ཡོད་པས་འགྲིག་བསྡད་ཡོད་བསམ་ནས་ལྷོད་གཡེང་བྱས་ན་འགྲིག་གི་མེད་སྐོར་༧གོང་ས་མཆོག་ནས་གསུངས་བ།
བསོད་ནམས་སྟོབས་རྒྱལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་༡་ཉིན། ལ་དྭགས་དབུས་ནང་པའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་བཙུགས་པའི་ནང་ཆོས་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་གིས་བཀའ་སློབ་གསུང་བཤད་སྩལ་བའི་ནང་། ནང་པ་ཚོས་དེང་དུས་ཚན་རིག་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་དང་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་འགྲོ་ཐུབ་པ་བྱ་རྒྱུར་ངེས་པར་ནང་ཆོས་ལ་སློབ་གཉེར་བྱེད་དེ། དབང་རྣོན་ཆོས་ཀྱི་རྗེས་འབྲངས་པ་ཞིག་བྱེད་དགོས་པ་བཀའ་གནང་འདུག།  
ཡང་བཤེས་གཉེན་བསྟེན་ཚུལ་སྐོར་བཀའ་སློབ་གནང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ལོ་ ༡༩༩༣ ལོར་རྡ་རམ་ས་ལར་ནུབ་ཕྱོགས་སུ་ཡོད་པའི་ནང་ཆོས་ཀྱི་དགེ་རྒན་ཁག་གི་ཚོགས་ཆེན་ཞིག་ཚོགས་པའི་སྐབས་འགའ་ཤས་ནས་བླ་མ་འགའ་ཤས་ཀྱི་སྤྱོད་ཚུལ་བཟང་པོ་མེད་པའི་སྐོར་འཕྲོས་པ་གསལ་བཤད་གནང་པ་དང་། སྐབས་དེར་ཚོགས་འདུའི་ཐོག་གྲོས་བསྡུར་གྱི་ལམ་ནས་གལ་ཏེ་བླ་མ་དེ་དང་དེའི་སྤྱོད་ཚུལ་ལ་འགྱུར་བ་མ་ཕྱིན་ཚེ། དྲིལ་བསྒྲགས་བྱ་རྒྱུར་མོས་མཐུན་བྱུང་བ་བཀའ་གནང་ཡོད་ཅིང་། དེ་ལས་འཕྲོས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་ནང་གསུངས་པའི་བཤེས་གཉེན་བསྟེན་ཚུལ་གྱི་རིམ་པ་དེ་དག་དགེ་ལུགས་པ་ཁོ་ནའི་ཆེད་མིན་པར། ཆོས་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་བླ་མ་བསྟེན་ཚུལ་གྱི་སྐོར་ཡིན་པ་བཀའ་གནང་འདུག
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཀྱི་ནང་པའི་སློབ་གཉེར་ལྟེ་གནས་ཁང་གི་འགན་འཛིན་མཁས་དབང་སྐུ་ཞབས་དཀོན་མཆོག་དབང་འདུས་ལགས་ཀྱིས་ཕེབས་བསུ་ཞུས་ཤིང་། ༧གོང་ས་མཆོག་གིས་མར་མེ་ཞལ་ཕྱེ་མཛད་དེ་ཉིན་གསུམ་གྱི་ནང་ཆོས་བགྲོ་གླེང་ལྷན་ཚོགས་དངོས་སུ་དབུ་འབྱེད་མཛད་པའི་རྗེས་སློབ་གཉེར་ཁང་དེའི་སློབ་མ་ཚོས་ཤེས་རབ་སྙིང་པོ་འུར་འདོན་གནང་ཡོད་པ་རེད།
དེ་རྗེས་འགན་འཛིན་སྐུ་ཞབས་དཀོན་མཆོག་དབང་འདུས་ལགས་དང་ཚོགས་གཙོ་སྐུ་ཞབས་(SR. Bhat)རྣམ་གཉིས་ཀྱིས་དགའ་བསུའི་གསུང་བཤད་ནང་། ད་རེས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་འདིའི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་པ་དེ་ནི་སློབ་གཉེར་ཁང་དང་རྒྱ་གར་གྱི་ནང་དོན་རིག་པའི་ཞིབ་འཇུག་ལྷན་ཁང་ལ་སྐལ་བཟང་ཞིག་དང་གཟི་བརྗིད་ཆེན་པོར་ངོས་འཛིན་ཞུ་གིན་ཡོད་པའི་སྐོར་སོགས་གསུངས་ཡོད་པ་རེད།
༧སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་སྒོར་བཅར་བའི་མང་ཚོགས་དྲུག་བརྒྱ་ལྷག་ལ་བཀའ་སློབ་སྩལ་བའི་ནང་། རྒྱ་གར་གྱི་ཐོུང་མ་ཡིན་པའི་དཔལ་ན་ལེནྡྲའི་ཆོས་རྒྱུད་བོད་དུ་དར་ནས་ད་བར་བོད་མི་ཚོས་ཉམས་ལེན་དང་རྒྱུན་འཛིན་བྱས་ཏེ་ལོ་ངོ་ཆིག་སྟོང་ལྷག་འགྲོ་གི་ཡོད་པ་དང་། རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་དང་རྒྱ་ནག་མང་ཚོགས་ནང་པ་ཡིན་ཞིང་། ནང་ཆོས་ནི་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ནས་འཛམ་གླིང་གི་གང་སར་ནང་པའི་དགོན་པ་མཇལ་རྒྱུ་ཡོད་ཀྱང་ནང་ཆོས་ལ་དད་པའི་རྗེས་འབྲངས་བྱེད་པ་ལས་སློབ་གཉེར་ཚད་ལྡན་བྱེད་ཐུབ་ཀྱི་མེད་པའི་སྐོར་བཀའ་གནང་ཡོད་པ་མ་ཟད། ད་དུང་༧གོང་ས་མཆོག་གིས་འཛམ་གླིང་གི་ཆོས་ལུགས་ཚང་མར་གུས་བརྩི་ཞུ་གི་ཡོད་པ་དང་། དེ་ནི་ཆོས་ལུགས་ཚང་མས་འགྲོ་བ་མིར་ཕན་ཐོགས་བསྐྲུན་གྱི་ཡོད་པའི་སྐོར་སོགས་བཀའ་སྩལ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་གྲུབ་ཏེ་ཕྱི་ཚེས་༢་ཉིན་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎