༄༅༎མིག་ལོང་བ་ཡིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁྲེན་ཀུང་ཁྲེང་(Chen Guangcheng)གི་གཅེན་པོས་རང་ཉིད་སྡོད་ཡུལ་རྒྱ་ནག་གི་ཤར་ཕྱོགས་ཞིང་ཆེན་ནས་པེ་ཅིང་དུ་བྲོས་བྱོལ་དུ་ཕྱིན་ཏེ། ཁོང་གི་བུ་ཉེན་རྟོག་པའི་དོ་དམ་འོག་ནས་སྐྱོབ་ཐབས་ཀྱི་རོགས་རམ་འཚོལ་བར་བསྐྱོད་པའི་རྗེས། ད་ཆ་རང་ཁྱིམ་གྲོང་གསེབ་ཏུ་ཕྱིར་ལོག་བྱས་ཡོད་པའི་སྐོར་དེ་རིང་ཁྲིམས་རྩོད་པ་ཞིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བཤད་ཡོད་པ་རེད།དེ་ཡང་བར་ལམ་ཁྲེན་ཀུང་ཁྲེང་སྡོད་གནས་ཧྲན་ཏུང་ཞིང་ཆེན་གྱི་རང་ཁྱིམ་དུ་རྒྱ་ནག་གཞུང་གིས་དོ་དམ་བྱས་ཏེ། ཉེན་རྟོག་པ་སོགས་ཀྱི་དམ་དྲག་དང་ལྟོ་རྟོགས་འོག་ནས་པེ་ཅིང་དུ་བྲོས་བྱོལ་དུ་ཕྱིན་ཏེ་ཨ་རིའི་གཞུང་ཚབ་ཁང་དུ་ཉེན་ཡོལ་དུ་བསྡད་པའི་རྗེས། ཨ་རི་གཞུང་གིས་རྒྱ་ནག་དང་གྲོས་མོལ་བྱས་པ་བརྒྱུད་ཁྲེན་ཀུང་ཁྲེང་ཨ་རིར་སློབ་སྦྱོང་དུ་བཏང་ཡོད་ཀྱང༌། ཁོང་ཨ་རིའི་གཞུང་ཚབ་ནང་སྐྱབས་བཅོལ་དུ་ཕྱིན་པའི་དོན་རྐྱེན་དེ་ཡིས། གཅིག་ནས་ ཨ་རིའི་དང་རྒྱ་ནག་གི་འབྲེལ་བར་མི་བདེ་བ་བཟོས་པ་དང༌། གཉིས་ནས་སྐབས་དེར་ཁྲེན་ཀུང་ཁྲེང་དོ་དམ་འོག་ནས་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་ས་གནས་དཔོན་རིགས་ནས་ཤེས་པའི་རྗེས། ཁྲེན་ཀུང་ཁྲེང་སྡོད་ཡུལ་གཅེན་པོའི་ཁྱིམ་དུ་ཉེན་རྟོག་པས་རྒོལ་རྡུང་བཏང་བའི་སྐབས། གཅེན་པོའི་བུ་ཁྲེན་ཀེ་གུའེ་ཡིས་རང་སྲུང་བྱས་པར་རྒྱ་ནག་གཞུང་གིས་མི་གསོད་རྩིས་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་དོ་དམ་བྱས་ཡོད་པ་དང། གཅེན་པོ་ཁྲེན་ཀུང་ཕུ་ཡང་ཁྱིམ་ཚང་དུ་དོ་དམ་བྱས་ཡོད་པ་རེད། དེ་རིང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་རུས་མིང་ཏིང་ཤི་ཀུའེ་ཡིས་གསུང་པར། ཁྲེན་ཀུང་ཁྲེང་གི་གཅེན་པོ་ཁྲེན་ཀུང་ཕུ་ཧྲན་ཏུང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་རང་ཁྱིམ་དུ་དོ་དམ་འོག་གནས་པའི་སྐབས་པེ་ཅིང་དུ་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང་ད་ཆ་རང་ཁྱིམ་དུ་ཕྱིར་ལོག་བྱས་ཡོད་པའི་སྐོར་གནས་ཚུལ་ཤེས་རྟོགས་བྱུང་བ་དང། འོན་ཀྱང་ཁྲེན་ཀུང་ཕུ་སོ་སོ་རང་འགུལ་གྱིས་ཕྱིར་ལོག་བྱས་པ་ཡིན་དང་ཡང་ན་རྒྱ་ནག་གཞུང་གིས་བཙན་དབང་དང་འཇིགས་སྐུལ་གྱིས་ཕྱིན་ལོག་བྱེད་དུ་བཅུག་པ་ཡིན་མིན་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མེད་པ་གསུང་ཡོད་པ་རེད།།