རྒྱ་ནག་ཉེན་རྟོག་པས་ཆོས་སྐྱོང་ལགས་གློད་གྲོལ་བཏང་ཡོད་ཀྱང་མགོན་སྐྱིད་ལགས་ད་དུང་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ།

རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་དང་། ཁོང་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་རྒྱ་ནག་གི་ཉེན་རྟོག་པས་ཉེ་ཆར་འཛིན་བཟུང་བཀག་ཉར་བྱས་ཡོད་ནའང་། ཆོས་སྐྱོང་ལགས་ཚེས ༡༧ ཉིན་གློད་གྲོལ་བཏང་འདུག
དེ་ཡང་ད་ལྟ་ཡུ་རོབ་བྷེལ་ཇམ་དུ་ཡོད་པའི་ས་དཀར་བཀྲ་ཤིས་ལགས་ཀྱིས་ཁོང་ལ་འབྱོར་བའི་ཁུངས་ལྡན་གནས་ཚུལ་ཞིག་འདི་ག་རླུང་འཕྲིན་ཁང་ལ་མཁོ་སྤྲོད་གནང་བར་གཞིགས་ན། ཟླ ༡༢ པའི་ཚེས ༡༣ ཉིན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་དང་། ཁོང་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་ལ་སོང་ནས་ངོ་རྒོལ་བྱེད་སྐབས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཆོས་སྐྱོང་ལགས་ཉིན་ལྔའི་རིང་བཀག་ཉར་ཁང་དུ་སློབ་གསོ་སྤྲད་རྗེས་ཚེས་ ༡༧ ཉིན་གྱི་ཉིན་གུང་ཙམ་ལ་གློད་གློལ་བཏང་ཡོད་འདུག གནས་ཚུལ་བརྒྱུད་སྤྲོད་བྱེད་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་པར་བརྟེན་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱེད་ཐབས་ཁག་པོ་འདུག གནས་ཚུལ་ཡོང་ཁུངས་གཞན་ཞིག་ནས་ཀྱང་ཆོས་སྐྱོང་ལགས་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་གནང་བྱུང་།
གསར་འགོད་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།