དབྱིན་ཇིའི་གཞུང་གིས་རྒྱ་གར་ལ་རྒྱབ་སྐྱོར་གནང་ཡོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་རྒྱ་གར་ཞུགས་རྒྱུའི་རེ་འདུན་ལ་དབྱིན་ཡུལ་གྱིས་རྒྱབ་སྐྱོར་གནང་བ།

༄༅༎ད་རེས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་རྒྱ་གར་ནང་འཚམས་གཟིགས་སྐབས་ཕྱིས་འབྱུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་ལེགས་བཅོས་ཀྱི་སྐབས་སུ་རྒྱ་གར་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་ཚོགས་མིའི་རྒྱལ་ཁབ་ཀྱི་ཁོངས་སུ་ཞུགས་རྒྱུར་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་ཀྱི་རྗེས་ཁ་ས་དབྱིན་ཇིའི་སྲིད་བློན་གྲེ་ལྦིདྲ་ཀེམ་རུན་མཆོག་ནས་ཀྱང་རྒྱ་གར་གྱི་རེ་འདུན་དེར་དབྱིན་ཇིའི་གཞུང་ནས་ཀྱང་རྒྱབ་སྐྱོར་ཡོད་པ་གསུངས་ཡོད་འདུག

དེ་ཡང་རྒྱ་གར་གྱི་ཨེ་ཀོ་ནོ་མིགསི་ཀྲམ་སི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ དབྱིན་ཇིའི་སྲིད་བློན་ཀེམ་རུན་མཆོག་དང་རྒྱ་གར་གྱི་སྲིད་བློན་གྲོག་ཀྲར་མན་མོ་ཧན་སིང་མཆོག་རྣམ་གཉིས་ཀྱི་དབར་ཁ་ས་ལྷོ་ཀོ་རི་ཡའི་ནང་G-20འམ་སྟོབས་འབྱོར་ཆེ་བའི་ཡུལ་ཁག་ཉི་ཤུའི་ལྷན་ཚོགས་ཀྱི་ཞོར་དུ་ཟུར་མཇལ་གྲོས་མོལ་ནང་དབྱིན་ཇིའི་སྲིད་བློན་མཆོག་གིས་རྒྱ་གར་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་ཚོགས་མིའི་ཁོངས་སུ་ཕེབས་འདོད་ཀྱི་འདུན་པར་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད༎