འཛམ་གླིང་གི་ཡུལ་གྲུ་མང་པོར་རྒྱ་ནག་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་རྒྱུར་ངོ་རྒོལ།

དབྱིན་ཡུལ་དང་ཨ་རི་སོགས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་རྒྱ་ནག་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འཚོགས་རྒྱུར་ངོ་རྒོལ་དང་རྩེད་འགྲན་ནང་མཉམ་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་འདུག

ཇར་མན་གྱི་རྒྱལ་སར་ངོ་རྒོལ་ལས་འགུལ་སྐབས། ༦།༢༣།༢༡ ICT

དབྱིན་ཡུལ་དང་ཨ་རི་སོགས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་རྒྱ་ནག་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འཚོགས་རྒྱུར་ངོ་རྒོལ་དང་རྩེད་འགྲན་ནང་མཉམ་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་འདུག
འདི་ཚེས་༢༣་ཉིན་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་ཉིན་མོ་དང་བསྟུན། འཛམ་གླིང་གི་ཡུལ་ལུང་གང་སར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་། བོད་མི་དང་ཡུ་གུར་བ། ཧོང་ཀོང་། ལྷོ་སོག་པོ། ཐེ་ཝན། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་རྩ་རླུང་སྒོམ་སྒྲུབ་པ་སོགས་ཐུན་མོང་གིས། འཛམ་གླིང་ནང་གི་གྲོང་ཁྱེར་དང་ས་ཁུལ་གལ་ཆེབ་༦༠ ལྷག་གི་ནང་། ཉིན་གཅིག་ལ་དུས་གཅིག་ལ་ངོ་རྒོལ་སྐད་འབོད་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་བ་བརྒྱུད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞིགས། རྒྱ་ནག་ནང་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་རྒྱུར་འོས་བབ་མེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་། ཨོ་རྩལ་གོ་སྒྲིག་ཚོགས་ཆུང་། རྩེད་འགྲན་སྤྱིན་བདག་རྣམ་པ་བཅས་པེ་ཅིན་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་བསྡུར་ནང་མཉམ་ཞུགས་མི་བྱ་རྒྱུའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ལས་འགུལ་དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དང་། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན། ནེའུ་ཡོག་གྲོང་ཁྱེར་། སུད་སི། ནིའུ་ཛི་ལན་ཌི། ཨོསི་ཊརེ་ལི་ཡ་ལ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་མང་པོའི་ནང་སྤེལ་བཞིན་པ་དང་། དབྱིན་ཡུལ་དུ་འདི་ཚེས་༢༣་ཉིན་ལས་འགུལ་བ་ཚོས་དབྱིན་ཡུལ་གྲོས་ཚོགས་ཀྱི་ཉེ་འགྲམ་(Westminster)་ཟམ་པའི་ཐོག་འཕྲེད་དར་རིང་ཐུང་སྤྱི་ཁྲི་༢༠་ཡོད་པ་ཞིག་དཔྱང་ནས་ངོ་རྒོལ་བྱས་པ་དང་མཉམ་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཞི་རྒོལ་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག ད་དུང་ཕྱི་དྲོར་ལས་འགུལ་བ་ཚོ་སྲིད་བློན་ལས་ཁུངས་མདུན་དུ་འདུ་འཛོམས་ནས། དབྱིན་ཇིའི་དབུ་ཁྲིད་རྣམ་པས་དབྱིན་ཡུལ་གྱི་རྩེད་འགྲན་པ་ཚོ་པེ་ཅིང་དུ་བཏང་ན་འགྲིགས་མིན་ཞུ་གཏུག་གནང་ཡོད་འདུག


ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོགས་སྡེ་དེ་དག་གིས། ད་རེས་ཕྱི་ལོ་༢༠༢༢་ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་དགུན་དུས་རྩེད་འགྲན་དེ་རྒྱ་ནག་ནང་ཚོགས་དབང་སྤྲད་པ་ཡིན་ན། དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ཁྲིམས་མཐུན་ངོས་ལེན་གནང་བ་ལྟ་བུ་མཚོན་པས་ངོས་ལེན་བྱེད་ཐབས་མེད་པ་དང་། དེ་སྔ་ཕྱི་ལོ་༢༠༠༨་ལོར་རྒྱ་ནག་ནང་ཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་སྐབས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁས་ལེན་ཁག་ཅིག་བྱས་ཡོད་པ་དག་ལག་བསྟར་མ་བྱས་བར། མུ་མཐུད་དུ་བོད་མི་དང་ཡུ་གུར་བ་གཙོས་གྲངས་ཉུང་མི་རིགས་དང་ཧོང་ཀོང་བཅས་བའི་ཐོག་དྲག་གནོན་མནར་གཅོད་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་ཨོ་རྩལ་གོ་སྒྲིག་ཚོགས་པའི་ངོས་ནས་ཡ་ལན་བདག་སྤྲོད་ཡོང་བའི་འབོད་སྐུལ་བྱེད་བཞིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org