ལྕམ་ནེན་སི་པི་ལོ་སི་ལགས་ཀྱིས་རྒྱ་ནག་ནང་འཚོགས་འཆར་གྱི་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་མི་གནང་རྒྱུའི་སྐུལ་མ་གནང་།

2021.05.19
ལྕམ་ནེན་སི་པི་ལོ་སི་ལགས་ཀྱིས་རྒྱ་ནག་ནང་འཚོགས་འཆར་གྱི་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་མི་གནང་རྒྱུའི་སྐུལ་མ་གནང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi)་ལགས། ༥།༡༨།༢༡
Reuters

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi)་ལགས་ཀྱིས་ཕྱི་འབྲེལ་འགོ་ཁྲིད་ཚོ་རྒྱ་ནག་ནང་འཚོགས་འཆར་ཡོད་པའི་ཨོ་རྩལ་རྩེད་འགྲན་མཉམ་ཞུགས་མི་གནང་རྒྱུའི་སྐུལ་མ་གནང་འདུག
འདི་ཚེས་༡༨་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་(CECC)་དང་། ཁྲོམ་ལེན་ཀྲོ་སུ་(Tom Lantos)་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གཉིས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེའི་རྡོག་རོལ་གཏོང་བཞིན་ཡོད་པས་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུ་རྒྱ་ནག་ལ་འོས་བབ་ཡོད་མིན་ཐད་དྲ་ལམ་བརྒྱུད་ཉན་ཞིབ་གནང་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་ལགས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་གནད་དོན་སྣང་མེད་གཏན་ནས་འཇོག་ཐབས་མེད་པས། རྒྱ་ནག་ལ་རྩེད་འགྲན་དེར་མགྲོན་བདག་བྱ་རྒྱུའི་འོས་བབ་མེད། དེ་བས་ཕྱི་འབྲེལ་འགོ་ཁྲིད་མི་སྣ་རྣམས་རྒྱ་ནག་གཞུང་གིས་མགྲོན་བདག་བྱེད་རྒྱུའི་རྒྱལ་སྤྱིའི་རྩེད་འགྲན་སྐབས་ཕེབས་མི་འོས་བ་དང་མཉམ་ཞུགས་མི་གནང་རྒྱུའི་སྐུལ་མ་གནང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་ཤིན་ཅང་གི་ཡུ་གུར་ཁ་ཆེ་དང་དེ་མིན་གྲངས་ཉུང་མི་མང་ལ་གདུག་རྩུབ་དྲག་གནོན་བྱེད་བཞིན་པ་དེ་ནི་མི་རིགས་སྡེབ་གསོད་ཀྱི་ངན་སྤྱོད་ཡིན་པ་ཨ་མི་རི་ཀས་སྐྱོན་བརྗོད་གནང་ཡོད་པ་རེད།
དེའི་ཐད་འདི་ཚེས་༡༩་རེས་གཟའ་ལྷག་པའི་ཉིན། རྒྱ་ནག་གཞུང་གིས་ལྕམ་ནན་སེ་(Nancy Pelosi)་ལགས་ནི་རྫུན་གཏམ་བཤད་མཁན་ཞིག་ཡིན་ལུགས་བཤད་ནས་མ་དགའ་བའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཨ་མི་རི་ཀས་རྩེད་འགྲན་དང་ཆབ་སྲིད་མཉམ་བསྲེས་བྱེད་བཞིན་པ་དེ་ནི་ངོ་ཚ་ཁ་སྐྱེང་གི་གནས་ཚུལ་རྫུས་མ་ཤ་སྟག་རེད་ཅེས་སྐྱོན་བརྗོད་བྱས་འདུག
ལྕམ་ནན་སེ་(Nancy Pelosi)་ལགས་ཀྱིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐབས་སུ། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་རྒྱ་ནག་ཏུ་ཕེབས་རྒྱུ་འོས་མིན་བསམ་བློ་གཏོང་དགོས་པ་ཞིག་རེད་ཅེས་གསུངས་གནང་འདུག
དེ་བཞིན་འདི་ཚེས་༡༨་ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་། ཡོ་རོབ་མཉམ་འབྲེལ་དང་། ཨ་ཧྥི་རི་ཀའི་མཉམ་འབྲེལ་གཙོས་པའི་གཞུང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྒྱ་ནག་ནང་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་མ་ཚུགས་གོང་། རྒྱ་ནག་གཞུང་གིས་རྒྱ་ནག་དང་། ཤིན་ཅང་། བོད། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་འཇོག་གིས་གནས་སྟངས་ཡར་རྒྱས་གཏོང་འཇུག་དགོས་བའི་འབོད་སྐུལ་ཞུས་འདུག
ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་(CECC)་དང་། ཁྲོམ་ལེན་ཀྲོ་སུ་(Tom Lantos)་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གཉིས་ལ་ཡིག་ཐོག་སྙན་ཞུ་ཕུལ་བའི་ནང་། ཨོ་རྩལ་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་༢༠༢༢་ལོའི་དགུན་དུས་རྩེད་འགྲན་རྒྱ་ནག་ནང་འཚོགས་རྒྱུའི་ཆོག་མཆན་སྤྲད་པ་དེ་ནོར་འཁྲུལ་ཡིན་པ་དང་། དེ་ནི་རྒྱ་ནག་ནང་ཕྱི་ལོ་༢༠༡༥་ལོར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་བརྩི་མེད་བཏང་ཡོད་པར་བརྟེན། ཕྱི་ལོ་༢༠༢༠འི་ཕྱི་ཟླ་དགུ་པའི་ནང་། བོད་མི་དང་ཡུ་གུར་བ། ལྷོ་སོག་པོ། ཧོང་ཀོང་། ཐེ་ཝན་དང་རྒྱ་ནག་གི་མི་མང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་མཉམ་རུབ་ཀྱིས་རྩེད་འགྲན་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་བའི་འབོད་སྐུལ་རབ་དང་རིམ་པ་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༡་ཕྱི་ཟླ་གཉིས་པའི་ནང་རྒྱལ་སྤྱིའི་ནང་གི་ཚོགས་སྡེ་མཐུན་ཚོགས་ཁག་༡༨༠་ལྷག་གིས་རྩེད་འགྲན་དེ་རྒྱ་ནག་ནས་ཕྱིར་འཐེན་དགོས་པའི་ལས་འགུལ་སྤེལ་ཡོད་པ་སོགས་བཀོད་ནས་འབོད་སྐུལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎