རྒྱ་ནག་ནང་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་མི་འོས་བ་དང་དེར་མཉམ་ཞུགས་མི་གནང་རྒྱུ་ཨ་རིའི་རྒྱལ་སའི་ཕོ་བྲང་དཀར་པོའི་མདུན་ཨ་རིའི་སྲིད་འཛིན་ལ་འབོད་སྐུལ་གྱི་ལས་འགུལ་སྤེལ་སོང་།
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Anthony Blinker)ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)གཉིས་མཇལ་འཕྲད་གནང་རྒྱུའི་སྔ་རོལ་དུ། ཕྱི་ཟླ་གསུམ་པའི་ཚེས་༡༧་རེས་གཟའ་ལྷག་པའི་ཉིན། འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་མི་དང་། ཡུ་གུར་མི་རིགས། ཧོང་ཀོང་བ། ད་དུང་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་ཀྱི་ཕྱག་ལས་གནང་མཁན་ཁག་ཅིག་བཅས་ཕོ་བྲང་དཀར་པོའི་འགྲམ་དུ་འཛོམས་ནས། གསར་འགོད་གསལ་བསྒྲགས་དང་འབྲེལ་ཨ་རིའི་སྲིད་འཛིན་གསར་པ་(Joe Biden)གཞུང་འཛིན་ལ། མ་འོངས་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)རྒྱལ་སྤྱིའི་རྩེད་འགྲན་རྒྱ་ནག་ནང་ཚོགས་མི་འོས་པས་བཀག་འགོག་བྱ་དགོས་པ་དང་། དེར་མཉམ་ཞུགས་མི་གནང་རྒྱུའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དུ་གཏོང་བཞིན་པ་དང་། ཡུ་གུར་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན་ནས།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་ཚོས་རྒྱལ་སྤྱིའི་(Olympics)རྩེད་འགྲན་ཚོགས་ཆུང་ལ་༢༠༢༢་ལོའི་དགུན་དུས་(Olympics)རྩེད་འགྲན་དེ་རྒྱ་ནག་མ་ཡིན་པའི་རྒྱལ་ཁབ་གཞན་དུ་གོ་སྒྲིག་གནང་དགོས་པའི་འབོད་སྐུལ་དང་གནོན་ཤུགས་སྤྲོད་བཞིན་པ་ལྟར། ད་རེས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་བཅས་ནས་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ལ་འབོད་སྐུལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་པ་རེད།
ད་རེས་ཀྱི་ལས་འགུལ་ནང་། རྒྱ་ནག་གཞུང་གིས་བཙོན་འཇུག་མནར་གཅོད་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། ཤིན་ཅིང་གི་བཀག་ཉར་རྭ་བར་སྡུག་སྦྱོང་མྱངས་མཁན་དང་ཡུ་གུར་བུད་མེད་ཚོར་བཙན་གཡེམ་གྱི་བྱ་སྤྱོད་ཐེར་འདོན་མཁན་(Tursunay Ziawudun)གཉིས་ཀྱིས། རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཇི་ལྟར་དངོས་སུ་མྱངས་པའི་དཀའ་སྡུག་སྐོར་ངོ་སྤྲོད་གནང་ཡོད་པ་དང་།
དེ་བཞིན་ཡུ་གུར་བའི་ལས་འགུལ་ཚོགས་པ་ཞེས་པའི་ཚོགས་པ་འཛུགས་མཁན་དང་འགན་འཛིན་(Rushan Abbas)དང་། ང་ཚོ་ཧོང་ཀོང་བ་ཡིན་ཞེས་པའི་ཚོགས་པའི་འགན་འཛིན་(Frances Hui) ཝ་ཤིན་ཀྲོན་རྒྱལ་སའི་མཐོ་སློབ་དམངས་གཙོ་ཚོགས་པའི་ཚོགས་གཙོ། ཉི་མ་ལྷ་མོ་ལགས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།
ད་རེས་ལས་འགུལ་གོ་སྒྲིག་གནང་མཁན་ནི། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཡུ་གུར་ལས་འགུལ་ཚོགས་པ། ང་ཚོ་ཧོང་ཀོང་བ་ཡིན་ཞེས་པའི་ཚོགས་པ། ཨ་རིའི་ཡུ་གུར་ཚོགས་པ། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ། བོད་ཐོག་ལས་འགུལ་སྤེལ་མཁན་ཚོགས་པ་བཅས་ཡིན་པ་རེད་འདུག
0:00 / 0:00