རྒྱ་གར་གྱི་དམག་དཔུང་གིས་འཛིན་བཟུང་བྱས་བའི་རྒྱ་ནག་གི་དམག་མི་ཕྱིར་རྩིས་སྤྲོད་བྱས་འདུག

རྒྱ་གར་ལ་དྭགས་ཕྱོགས་ཀྱི་རྒྱ་གར་གྱི་དམག་མི། ༠༦།༡༨།༢༠༢༠
རྒྱ་གར་ལ་དྭགས་ཕྱོགས་ཀྱི་རྒྱ་གར་གྱི་དམག་མི། ༠༦།༡༨།༢༠༢༠ (Reuters)

ཉེ་ལམ་རྒྱ་གར་ལ་དྭགས་ས་མཚམས་ནས་རྒྱ་གར་གྱི་དམག་དཔུང་གིས་འཛིན་བཟུང་བྱས་བའི་རྒྱ་ནག་གི་དམག་མི་ཕྱིར་རྒྱ་ནག་གི་དམག་དཔུང་ལ་རྩིས་སྤྲོད་བྱས་འདུག
ཕྱི་ཚེས་༨ཉིན་རྒྱ་གར་ལ་དྭགས་ཕྱོགས་ཀྱི་སྤང་གོང་མཚོའི་ལྷོ་རྒྱུད་ནས་རྒྱ་གར་གྱི་དམག་དཔུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་དམག་མི་དེ་འདི་ཚེས་༡༠རེས་གཟའ་ཉི་མའི་ཉིན་(Chushul-Moldo)ས་ཁུལ་ལ་ཡོད་པའི་རྒྱ་ནག་གི་དམག་དཔུང་ལ་རྩིས་སྤྲོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་རེས་གཟའ་སྤེན་པའི་ཉིན། རྒྱ་གར་ལ་རྒྱ་ནག་གི་དམག་མི་ཞིག་ས་མཚམས་ཁུལ་ནས་བོར་བརླག་ཕྱིན་ཡོད་པའི་སྐོར་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ལ་བཤད་ཡོད་པ་དང་། རྒྱ་གར་གྱིས་རྒྱ་ནག་གི་དམག་མི་དེ་རྒྱ་གར་ལ་དྭགས་ཕྱོགས་ཀྱི་སྤང་གོང་མཚོའི་ལྷོ་ཁུལ་དུ་འཛིན་བཟུང་ཡོད་པ་རེད།
དེ་ནི་ཉེ་བའི་ཆར་རྒྱ་ནག་གི་དམག་མིས་ལ་དྭགས་ཕྱོགས་ཀྱི་ས་མཚམས་ཁུལ་དུ་སིམ་འཛུལ་བྱས་པའི་དོན་རྐྱེན་ཐེངས་གཉིས་པ་ཡིན་པ་དང་། དེའི་གོང་སྔར་ལོའི་ཕྱི་ཟླ་༡༠པའི་ནང་དུའང་ལ་དྭགས་ཀྱི་(Demchok)ས་ཁུལ་ནང་དེ་འདྲ་བའི་དོན་རྐྱེན་ཞིག་བྱུང་བའི་རྗེས་སུ། རྒྱ་གར་གྱིས་སྐབས་དེར་ཡང་རང་གི་ས་མཚམས་ཀྱི་ས་ཁུལ་ནང་འཛུལ་སླེབས་པའི་རྒྱ་ནག་གི་དམག་མི་དེ་འཛིན་བཟུང་གིས། རྗེས་སུ་རྒྱ་ནག་གི་དམག་དཔུང་ལ་ཕྱིར་ལོག་རྩིས་སྤྲོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་༥པའི་ཟླ་མཇུག་དང་༦པའི་འགོ་སྟོད་ནས་རྒྱ་གར་ལ་དྭགས་ཕྱོགས་ཀྱི་ས་མཚམས་ཀྱི་ས་ཁུལ་ནང་བཙན་འཛུལ་དཔུང་འཇུག་བྱས་པར་རྒྱ་གར་གྱིས་དེར་གདོང་ལེན་བྱས་ཏེ་ཕྱི་ཟླ་༦པའི་ནང་(Galwan)ལུང་གཞུང་གི་ནང་། ཕྱོགས་གཉིས་ཀྱི་དམག་དཔུང་བར་འཁྲུག་འཛིང་ཤོར་ནས་རྒྱ་གར་གྱི་དམག་མི་༢༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད། ཡིན་ན་ཡང་སྐབས་དེར་རྒྱ་ནག་གི་ཕྱོགས་ནས་དམག་མི་ཤི་རྨས་བྱུང་ཡོད་མེད་ཀྱི་གནས་ཚུལ་ཕྱི་བསྒྲགས་བྱས་མེད་པ་རེད།
དེའི་རྗེས་ནས་བཟུང་ད་ལྟ་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ། རྒྱ་གར་དང་རྒྱ་ནག་གཉིས་ཀས་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ནས་ཡོད་པ་དང་། ཕྱོགས་གཉིས་ཀྱི་དམག་དཔུང་གི་བར་ས་མཚམས་སུ་འཁོན་འཁྲུག་ཞི་འགྲིག་གི་ཐད། དམག་དཔུང་གི་འགོ་ཁྲིད་ཀྱི་བར་གྲོས་མོལ་རིམ་པ་བརྒྱད་ཙམ་བྱས་ཡོད་པ་དང་། གྲོས་མོལ་ཐེངས་མ་བརྒྱད་པ་དེ་ཕྱི་ཟླ་༡༡པའི་ཚེས་༦ཉིན་བྱས་ཡོད་ཀྱང་དམིགས་བསལ་དོན་འབྲས་གང་ཡང་མ་སོན་པར་གནས་ཡོད་པ་དང་། ཉིན་ཤས་གོང་མཚན་འདོན་མ་གནང་བའི་རྒྱ་གར་གཞུང་གི་བདེ་སྲུང་ལས་ཁུངས་ཀྱི་དཔོན་རིགས་ཤིག་གིས་བརྒྱུད་ལམ་ཁག་ལ། རྒྱ་ནག་གི་དམག་དཔུང་གི་ངོས་ནས་ད་ཆ་གྲོས་མོལ་མཇུག་སྐྱོང་བྱ་རྒྱུའི་ཐད་ཡ་ལན་མེད་པར་གནས་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།