ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཡིན་པ་རྒྱ་གར་གཞུང་གིས་བསྐྱར་བརྗོད་དགོས།
2020.06.19
ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཡིན་པ་རྒྱ་གར་གཞུང་གི་ངོས་ནས་བསྐྱར་བརྗོད་དགོས་པ་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དང་ཆབ་སྲིད་པ་ཚོས་བརྗོད་ཀྱི་འདུག
ཉེ་ལམ་རྒྱ་གར་བྱང་ཕྱོགས་ལ་དྭགས་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ས་སྲུང་དམག་མིའི་བར་གདོང་ཐུག་བྱུང་སྟེ། རྒྱ་གར་གྱི་དམག་མི་༢༠་ལྷག་རྐྱེན་ལམ་དུ་བཏང་པའི་་གནས་ཚུལ་ཐོན་བའི་རྗེས། རྒྱ་གར་རྒྱལ་ཡོངས་སུ་རྣམ་ཀུན་དང་མི་འདྲ་བར་མི་མང་ཚོས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཡོད་པ་རྒྱ་གར་དམག་སྦྱོང་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་དང་རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་(General Vinod Saighal)་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། ད་བར་རྒྱ་དཀར་ནག་གཉིས་ཀྱི་བར་བཙུགས་པའི་འབྲེལ་བ་དང་ཞི་གྲོས་རིམ་པ་མང་པོ་བཞག་ཡོད་མིན་ལ་མ་ལྟོས་པར། ད་རེས་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་འགོ་ཁྲིད་ཚོའི་ངོ་གདོང་ལ་འགྲམ་ལྕག་ཞུས་པ་ལྟ་བུ་འགྱུར་ཡོད་པར་བརྟེན། རྒྱ་གར་གྱི་ངོས་ནས་བོད་དོན་ཐད་བསམ་ཤེས་ནན་པོ་བྱས་ནས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཅན་གྱི་རྒྱལ་ཁབ་ཤིག་ཡིན་པ་བསྐྱར་བརྗོད་དགོས་པ་དང་། རྒྱ་གར་གཙོས་པའི་གོ་ལ་ཁྱོན་ཡོངས་སུ་ཚང་མས་མུ་མཐུད་ལས་འགུལ་འདི་ལྟར་སྤེལ་བ་ཡིན་ན། ནམ་ཞིག་བོད་མིའི་བདེན་མཐའ་སེལ་རྒྱུ་ཡིན་པ་ངོས་ལ་ཐེ་ཚོམ་སྤུ་ཙམ་མེད་ཅེས་དང་། ཁོང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རང་དབང་གི་སྒོ་མོ་ཕྱེ་འགོ་བཙུགས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་ད་ལྟའི་ཆར་རྒྱ་གར་ནང་དུས་རྒྱུན་དང་མི་འདྲ་བར་བོད་ཀྱི་གནད་དོན་ཐད་དོ་སྣང་བྱེད་མཁན་བྱེད་མང་དུ་འགྲོ་བཞིན་ཡོད་འདུག་པ་མ་ཟད། རྒྱ་གར་གྱི་གྲགས་ཆེ་བའི་བརྙན་འཕྲིན་ཁག་གི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་བོད་མིའི་གནད་ཡོད་མི་སྣ་དང་ལས་འགུལ་བ་སོགས་གདན་ཞུས་ཀྱིས་བོད་དོན་དང་འབྲེལ་བགྲོ་གླེང་རིམ་པ་མང་པོ་
བྱུང་བཞིན་ཡོད་པ་རེད།
རྒྱ་གར་གྱི་གྲོས་ཚོགས་གོང་མ་(Rajya Sabha)་ཡི་འཐུས་མི་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་(Mukut Mithi)་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། བོད་མི་དང་ང་ཚོའི་བར་དམིགས་བསལ་གྱི་འབྲེལ་བ་གཏིང་ཟབ་ཡོད་ལ། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ང་ཚོས་རྟག་ཏུ་གུས་རྩིས་ཞུ་བཞིན་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་ཀྱི་ཡོད་པར་མ་ཟད། ཨ་རུ་ནཱ་ཅལ་མངའ་སྡེ་དེ་ཡང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་འདི་ནི་ཁུངས་སྐྱེལ་ར་སྤྲོད་མེད་པའི་གནས་སྟངས་ཤིག་རེད་ཅེས་དང་། ད་ཆ་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་དེས་རྒྱ་ནག་གི་བྱ་སྤྱོད་ངོ་མ་དེ་གསལ་སྟོན་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་གར་ལ་དྭགས་སུ་བཅའ་བཞུགས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཚེ་རིང་བསམ་འཕེལ་ལགས་ཀྱིས། ད་ལྟ་འབྱུང་བཞིན་པའི་ས་མཚམས་ཀྱི་རྩོད་རྙོག་འདི་ནི་༡༩༥༠་ལྔ་གྲངས་ནང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་ཞིང་། དཀའ་རྙོག་དེ་སེལ་བར་བོད་ཀྱི་གནད་དོན་དེ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། ད་ཆ་རྒྱ་གར་ངོས་ནས་ཨ་མི་རི་ཀའི་ནང་བཞིན་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་རིམ་པས་འགྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཡོད་ཅེས་དང་། རྒྱ་ནག་གི་ཕྱོགས་ནས་དྲག་པོ་ཇི་ཙམ་བྱས་ཀྱང་དེར་ང་ཚོའི་ངོས་ནས་འཇིགས་སྣང་མེད་པའི་ཐོག་ནས་ཕར་རྒོལ་བྱེད་ཐུབ་ཀྱང་ཕྱོགས་གཉིས་ཀྱི་དཀའ་རྙོག་དེ་ཞི་བ་དང་། གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ནི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད།
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དམག་དོན་ཉམས་ཞིབ་ལྟེ་གནང་ཁང་(CLAWS)་གི་འགན་འཛིན་ཟུར་པ་དང་རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་(General Dhruv C Katoch)་ལགས་ཀྱིས། བོད་དེ་གནའ་སྔ་མོ་ནས་རང་བཙན་ཅན་གྱི་རྒྱལ་ཁབ་ཤིག་ཡིན་པ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་སྤེལ་དགོས་གལ་ཆེ་ཞིང་། ངའི་བསམ་པར་ད་ལྟའི་ཆར་རྒྱ་གར་གྱི་དབང་འཛིན་མི་སྣའི་ནང་ཁུལ་ལ་བོད་ཀྱི་གནས་བབས་ཐད་གླེང་ཀློང་ཡོང་གི་རེད་བསམ་གྱི་མིན་འདུག་ལ་དེ་གལ་གནད་ཆེ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། འོན་ཀྱང་ཁོང་གིས་གཙོ་བོ་རྒྱ་གར་གྱི་རྒྱ་ཆེ་མི་དམངས་ཚོས་བསམ་བློའི་འཁྱེར་ཕྱོགས་ཇི་ཡིན་ནི་གནད་འགག་ཞིག་ཆགས་ཡོད་པས། མི་མང་གིས་ནུས་ཤུགས་ལ་བརྟེན་ནས་རྒྱ་གར་གྱི་ཁ་ཕྱོགས་བསྒྱུར་ཐུབ་ཅེས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།