འབར་གས་བཏང་མཁན་དོགས་ཡོད་ཀྱི་པར་རཊ་བྲིས་མ་བཀྲམ་པ།
2015.08.19
ཉེན་རྟོག་པས་རྒྱལ་ས་བྷེང་ཀོག་ནང་འབར་གས་མཁན་ཡིན་པར་དོགས་གཞི་ཡོད་པའི་མི་ཞིག་གི་རགས་བྲིས་ཕྱི་ལ་བཀྲམ་འདུག
དེ་ཡང་གཟའ་ཟླ་བའི་ཕྱི་དྲོར་ཐེ་ཡེ་ལེན་གྲའི་རྒྱལ་ས་བྷེང་ཀོག་ནང་གི་ཧིན་དུའི་ལྷ་ཁང་ཞིག་ལ་འབར་རྫས་གས་འཐོར་སྒོ་ནས་གཏོར་རྒོལ་བཏང་བའི་ནང་མི་གྲངས་༢༠་རྐྱེན་ལམ་དུ་ཕྱིན་ཡོད་ཅིང་། དེ་རིང་ཚེས༡༩ཉིན་ཡུལ་དེའི་ཉེན་རྟོག་པའི་སྤྱི་ཁྱབ་གཙོ་འཛིན་གྱིས་འབར་རྫས་གས་འཐོར་གཏོང་མཁན་ཡིན་པར་དོགས་ཡོད་པ་མིག་ཤེལ་ཐུག་པོ་རྒྱབ་པ་དང་། སྟོད་གོས་གསེར་པོ་གྱོན་པ། སྐྲ་ནག་པོ་ཡིན་པ། ཤ་མདོག་དཀར་པོ་ཅན་གྱི་མི་གཞོན་གཞོན་ཞིག་གི་རགས་བྲིས་འགྲེམ་སྤེལ་བྱས་པ་དང་། འབར་རྫས་གས་འཐོར་གཏོང་མཁན་མི་དེ་ཁེར་རྐང་མ་ཡིན་པར་། ཁོ་པ་ནི་མི་ནག་ཅན་པའི་རུ་ཁག་གི་ཆ་ཤས་ཤིག་ཡིན་སྐོར་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ནི་ད་བར་འབར་རྫས་གས་ཐོར་གཏོང་མཁན་སུ་ཡིན་མིན་གསལ་ཁ་ཆེ་ཤོས་བཏོན་པ་དེ་ཡིན་འདུག འོན་ཀྱང་ད་ལྟའི་ཆར་ཉེན་རྟོག་པ་ཚོས་མི་ནག་ཅན་པ་དེ་ཐེ་ཡེ་ལེན་གྲའི་ཡུལ་མི་ཡིན་དང་། ཡང་ན་ཕྱི་རྒྱལ་བ་ཡིན་མིན་ཤེས་རྟོགས་མེད་པའི་ཁར་འབོམ་རྫས་གས་འཐོར་བཏང་བའི་འགན་ལེན་མཁན་ད་བར་རྩ་བ་ནས་བྱུང་མེད་སྟབས་དེའི་རྒྱབ་ལ་ཀུན་སློང་ཇི་ཡོད་ཀྱང་ཤེས་རྟོག་བྱུང་མེད་པ་རེད།
ཐེ་ཡེ་ལེན་གྲའི་རྒྱལ་ཡོངས་ཉེན་རྟོག་པའི་སྤྱི་ཁྱབ་གཙོ་འཛིན་Somyetཡིས་འབོམ་རྫས་གས་འཐོར་གཏོང་མཁན་དེར་རོགས་སྐྱོར་བྱེད་མཁན་ཐེ་ཡེ་ལེན་གྲའི་ཡུལ་མི་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་ད་རིང་གསར་འགོད་པ་ཚོར་གསུངས་འདུག ཡིན་ནའི་ཞིབ་ཕྲའི་གནས་ཚུལ་གསུངས་མིན་འདུག ད་དུང་གཟའ་མིག་དམར་ཉིན་ཡང་རྒྱལ་ས་བྷེང་ཀོག་གི་མཚོ་ཁར་འབར་རྫས་གས་འཐོར་ཐེངས་གཉིས་པ་དེ་བྱུང་ཡང་སྐབས་དེར་མི་ཤི་སྐྱོན་ཆགས་སོགས་བྱུང་མེད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།