ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་མོལ་སྐབས་ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་གནད་དོན་གླེང་སློང་གནང་འདུག

ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་དྲ་ལམ་གྱི་མཇལ་མོལ་དང་པོའི་སྐབས་ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་གནད་དོན་ཡང་གླེང་སློང་གནང་ཡོད་འདུག

ཨ་རིའི་སྲིད་འཛིན་(Biden)་དང་རྒྱ་ནག་གི་སྲིད་འཛིན་གཉིས་དྲ་ལམ་གྱི་མཇལ་མོལ་དང་པོའི་སྐབས། ༡༡།༡༥།༢༡ Reuters

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་ཐད་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེར་ཐོན་བཞིན་པའི་དུས་སྐབས་འདིར། སྤྱི་ཟླ་༡༡་ཚེས་༡༥་ཉིན་ཨ་མ་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཆུ་ཚོད་གསུམ་ལྷག་རིང་དྲ་ལམ་བརྒྱུད་གདོང་ཐུག་གི་ཚོགས་འདུ་ཐེངས་དང་པོ་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ལྷག་པར་བོད་དང་། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན། ཧོང་ཀོང་ལ་སོགས་པའི་ནང་སྲིད་ཇུས་ལག་བལྟར་བྱེད་ཕྱོགས་ཐད་ཨ་རིའི་གཞུང་ལ་བློ་ཚབས་ཡོད་པ་ཨ་རིའི་སྲིད་འཛིན་གྱིས་གླེང་སློང་གནང་ཡོད་པ་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་གཞུང་འབྲེལ་བསྒྲགས་གཏམ་ནང་བཀོད་འདུག
གཞན་བསྒྲགས་གཏམ་ནང་། སྲིད་འཛིན་(Biden)་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཨ་མི་རི་ཀའི་ངོས་ནས་ཐེ་ཝན་ཐོག་སྲིད་བྱུས་འཛིན་ཕྱོགས་ཐད་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེར་འགྱུར་བ་མེད་པའི་སྐོར་དང་། སྲིད་འཛིན་རྣམ་གཉིས་ཀྱིས་ནུས་ཤུགས་འདོན་སྤེལ་གྱི་གནད་དོན་དང་། གོ་ལའི་ཚ་དྲོད་ཀྱི་གནད་དོན་ཐད་མཉམ་ལས་གནང་རྒྱུའི་མོས་མཐུན་བྱུང་ཡོད་པའི་སྐོར་གསུང་འདུག
ཡང་སྲིད་འཛིན་ཞི་ཅིང་ཕིང་གིས་ཐེ་ཝན་རང་དབང་རང་བཙན་འདོད་མཁན་ཕྱོགས་ཁག་གིས་དམར་ཐིག་འགལ་བའི་ལས་དོན་སྤེལ་བ་ཡིན་ན་ཐག་གཅོད་ངེས་ཅན་ཁག་ཅིག་ལག་བལྟར་བྱེད་རྒྱུ་ཡིན་ལུགས་བརྗོད་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཁྱབ་སྤེལ་བྱས་འདུག
ཡང་དབུ་ཁྲིད་རྣམ་གཉིས་ཀྱིས་ཕན་ཚུན་དམག་འཁྲུག་མི་འབྱུང་བ་གཙོ་དོན་གནང་དགོས་པའི་སྐོར་དོ་ནན་བཀའ་མོལ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས། ད་ཐེངས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་དེ་དོན་འབྲས་ལྡན་བྱུང་ཡོད་ལུགས་བཀོད་འདུག་ཀྱང་། མཇལ་མོལ་རྗེས་ཨ་རྒྱ་གཉིས་ཕྱོགས་སོ་སོ་ནས་གནས་ཚུལ་ཕྱི་བསྒྲགས་ཙམ་ལས་དབུ་ཁྲིད་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲགས་གཏམ་སྤེལ་བ་དང་། གྲོས་མཐུན་བཞག་པ་དེ་འདྲ་བྱུང་མི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་རི་དང་རྒྱ་ནག་གཉིས་བར་བཟང་ཕྱོགས་ཀྱི་ཐོག་ནས་མཉམ་རུབ་བྱས་པ་ཡིན་ན་བོད་དོན་ལ་ཡང་ཕན་ཐོགས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་བར་རྩོད་རྙོག་ཅན་གྱི་གནད་དོན་ཞིག་མ་ཆགས་པར་ཕྱོགས་གཉིས་ཀ་ལ་འགན་ཡོད་པས། མ་འོངས་བར་མུ་མཐུད་དུ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ད་རེས་སྟོབས་ཆེན་རྒྱལ་ཁབ་གཉིས་བར་ཐེ་ཝན་གྱི་གནད་དོན་དང་། ཚོང་འབྲེལ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་རྙོག་གླེང་རིམ་པར་བྱུང་བཞིན་ཡོད་པ་དེའི་རྗེས་འབྲས་སུ། རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་བར་མཇལ་མོལ་དེ་བྱུང་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་མཉམ་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། འབྱུང་འགྱུར་ཨ་རི་དང་རྒྱ་ནག་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་དང་བཟང་སྤྱོད་གཞིར་གཞིགས་ཀྱི་འབྲེལ་ལམ་བཙུགས་པ་ཡིན་ན། འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཡོད། འོན་ཀྱང་། ད་ཆ་རྒྱལ་ཁབ་གཉིས་བར་མ་མཐུན་པའི་ཆ་མང་པོ་ཞིག་ཡོད་པས། ཚུལ་མཐུན་གྱི་འབྲེལ་ལམ་ཞིག་ཡོང་རྒྱུ་ཁག་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག


ད་རེས་སྲིད་འཛིན་གཉིས་ཀྱི་དྲ་ཐོག་མཇལ་མོལ་དེ་དོན་ཕན་ལྡན་པ་ཞིག་བྱུང་ཡོད་ཚུལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭའ་ཚུན་ཡུན་(Hua Chunying)་ཀྱིས་འགྲེལ་བརྗོད་བྱས་འདུག་ཀྱང་། རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་པ་དང་དམག་དཔོན་ཟུར་སྐུ་ཞབས་(Vinayak Bhat)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་སྲིད་འཛིན་འཇཱོ་སྦཡེ་ཌེན་དང་ཞི་ཅིན་ཕིང་གཉིས་ནས་དངོས་ཡོད་གནས་སྟངས་གཞིར་བཞག་གི་གྲོས་མོལ་གནང་དགོས་གལ་ཆེ་ཞིང་། ལྷག་པར་དུ། ཞི་ཅིན་ཕིང་གིས་འཛམ་གླིང་ཞི་བདེའི་སྐོར་གསུང་ཆོག་གི་རེད། འོན་ཀྱང་། ངོས་དེར་ཡིད་ཆེས་མེད་ལ། རྒྱ་ནག་གཞུང་གིས་ད་བར་རྒྱལ་སྤྱིའི་ཁྲིམས་བརྩི་སྲུང་བྱས་མེད་པས། ཞི་བདེའི་སྐོར་གྲོས་མོལ་གནང་ཐབས་བྲལ་ཡོད། ལྷོ་རྒྱ་ནག་རྒྱ་མཚོ་ཞེས་འབོད་པ་དེ་ནི་ས་ཁུལ་དེ་རྒྱ་ནག་ལ་དབང་ཡོད་པ་མཚོན་གྱི་མེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཨ་མ་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱིས་དེ་སྔ་འོས་བསྡུའི་དྲིལ་བསྒྲགས་སྐབས། ཁོང་གི་སྲིད་གཞུང་གི་ངོས་ནས་བོད་དོན་ཆེད་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་གསར་པ་བསྐོ་བཞག་དང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྡུང་རྡེག་གཏོང་མཁན་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུ་ཡིན་པ་གསལ་སྟོན་གནང་མྱོང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org