ཨ་རིའི་སྲིད་འཛིན་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་བའི་སྐུལ་མ་གནང་འཆར་འདུག

2021.06.10
ཨ་རིའི་སྲིད་འཛིན་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་བའི་སྐུལ་མ་གནང་འཆར་འདུག ཨ་རིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན་སྐུ་འཁོར་དབྱིན་ཡུལ་དུ། ༦།༡༠།༢༡
AFP

ཨ་རིའི་སྲིད་འཛིན་གྱིས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་ཚོའི་ལྷན་ཚོགས་སར་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་པའི་སྐུལ་མ་གནང་འཆར་ཡོད་འདུག
ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་ལགས་ཀྱིས་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་ཆེས་མཐོའི་ལྷན་ཚོགས་གནང་སྐབས། ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ལ་བོད་དང་ཤར་ཏུར་ཀིསུ་ཐན། ཧོང་ཀོང་། ཤར་དང་ལྷོ་རྒྱ་ནག་རྒྱ་མཚོ་བཅས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་སེམས་འཚབ་གཅིག་མཚུངས་ཡོད་སྟབས། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་པའི་སྐུལ་མ་གནང་འཆར་ཡོད་འདུག
ཨ་རིའི་སྲིད་འཛིན་(Joe Biden)་ལགས་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་ནམ་(G7)་གྱི་དབུ་ཁྲིད་རྣམས་དབྱིན་ཡུལ་གྱི་གྲོང་ཁྱེར་(Cornwall)་ནང་འདི་ཚེས་༡༡་ནས་༡༣་བར་ཆེས་མཐོའི་ལྷན་ཚོགས་ལ་མཉམ་ཞུགས་ཆེད་དབྱིན་ཡུལ་ནང་ཕེབས་འབྱོར་ཟིན་པ་དང་། ཁོང་གིས་ཆེས་མཐོའི་ལྷན་ཚོགས་འདིའི་སྐབས་སུ་ཨ་མི་རི་ཀས་ཉེ་དུས་རྒྱ་ནག་གི་མཉེན་ཆས་ཁག་ལ་ཞིབ་འཇུག་ནན་པོ་བྱེད་རྒྱུའི་སྲིད་འཛིན་གྱི་དམིགས་བསལ་དབང་ཆ་བེད་སྤྱོད་བྱས་ནས། རྒྱ་ནག་གི་ཐོག་ལངས་ཕྱོགས་མཁྲེགས་པོ་བཟུང་བའི་ནང་མཐུན་ཕྱོགས་རྒྱལ་ཁབ་ཁག་ཀྱང་མཉམ་ཞུགས་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་དང་། ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དང་། ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོའི་ལས་འགུལ་ལ་དྲག་གནོན་བྱེད་མུས་སུ་ཡོད་པ། ཨོསུ་ཀྲེ་ལི་ཡ་ལ་སོགས་པའི་ཡུལ་གྲུ་ཁག་ལ་དཔལ་འབྱོར་ཐོག་ནས་བཙན་ཤེད་གཏོང་བཞིན་པ། དེ་བཞིན་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་བཙན་ཤུགས་ཆེ་བའི་དམག་དོན་བྱེད་སྒོ་སྤེལ་བཞིན་པ་ཁག་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་དགོས་པའི་སྐུལ་མ་གནང་འཆར་ཡོད་འདུག
འདི་ཚེས་༩་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་(Joe Biden)་ལགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚམས་གཟིགས་ཐེངས་དང་པོ་དེར་ཕེབས་ཐོན་གནང་སྐབས། ཁོང་གིས་ཡོ་རོབ་ཀྱི་ཡུལ་གྲུ་ཁག་དང་ཨ་རིའི་འབྲེལ་ལམ་དམ་ཟབ་དུ་བཏང་ནས། ར་ཤེ་ཡའི་སྲིད་འཛིན་པུའུ་ཊེན་(Vladimir Putin)་དང་རྒྱ་ནག་ལ་ཡོ་རོབ་དང་ཨ་མི་རི་ཀ་གཉིས་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོ་བཟོ་རྒྱུ་ཡིན་སྐོར་གསུངས་འདུག
ཨ་རིའི་གྲོས་ཚོགས་གོང་མས་ཀྱང་ཨ་རིའི་བཟོ་རྩལ་རིག་གནས་ཀྱི་ནུས་སྟོབས་ཡར་རྒྱས་གོང་འཕེལ་བཏང་སྟེ་རྒྱ་ནག་གི་འགྲན་རྩོད་ལ་ཁ་གཏད་གདོང་ལེན་གནང་རྒྱུ་དང་། དེའི་ཆེད་འགྲོ་སོང་ཨ་སྒོར་ཐེར་འབུམ་༢༥༠་གཏོང་རྒྱུའི་ཁྲིམས་འཆར་གསར་པ་ཞིག་ཀྱང་གཏན་འབེབས་གནང་ཡོད་པ་རེད།
ད་དུང་འདི་ཚེས་༩་རེས་གཟའ་ལྷག་པ་ཉིན་ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་(Lloyd Austin)་ཡིས་ཨ་མི་རི་ཀའི་བདེ་སྲུང་ལྷན་ཁང་(Pentagon)་ནས་རྒྱ་ནག་དགྲ་བོར་ངོས་འཛིན་གྱིས་དོ་ནན་གནང་དགོས་པའི་བཀོད་མངགས་གནང་ཡོད་པ་དང་། དེ་ནི་དེ་སྔོན་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་དང་འབྲེལ་བའི་ཨ་རིའི་སྲུང་སྐྱོབ་ལས་དོན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་བ་དེའི་སྙན་ཐོར་གཞིར་བཞག་ནས་བཀོད་མངགས་གནང་བ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎