བལ་ཡུལ་དུ་འབྲུག་པའི་སྐྱབས་བཅོལ་བ་ཚོས་ལས་འགུལ་སྤེལ་བ།
2009.05.31
༄༅༎བལ་ཡུལ་ཡོད་པའི་འབྲུག་པའི་སྐྱབས་བཅོལ་བ་རྣམས་ཀྱིས་རང་ཡུལ་དུ་ཕྱིར་ལོག་གི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་རྡ་ཧི་མ་ལ་ཡན་ཀྲའེམ་སེ་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན་བལ་ཡུལ་གྱི་ཇཱ་པ་དང་མོ་རཱང་ས་ཁུལ་གཉིས་སུ་འབྲུག་པའི་སྐྱབས་བཅོལ་བའི་གཞིས་ཆགས་ཁག་བདུན་ནང་གནས་པའི་སྐྱབས་བཅོལ་བའི་ཁྱིམ་ཚང་༩༡༦གི་སྐྱབས་བཅོལ་བ་བརྒྱད་སྟོང་ཙམ་ཡོད་པ་ཚང་མས་རང་ཡུལ་དུ་ཕྱིར་ལོག་དགོས་སྐོར་ཞུ་གཏུགས་ཀྱི་ལས་འགུལ་ཞིག་ཉིན་ཉི་ཤུའི་གོང་ནས་འགོ་འཛུགས་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
འབྲུག་གི་མི་དེར་ཡིན་པའི་བལ་ཡུལ་གྱི་མི་རིགས་དེ་དག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་གནས་མུས་ཡིན་པ་རེད། སྦེལ་རྡངགི་གཞིས་ཆགས་ནང་ཡོད་པའི་སྐྱབས་བཅོལ་བ་རྡིལ་མན་མ་གཱར་དང་ནང་མི་ཚོས་འབྲུག་ཡུལ་དུ་ཕྱིར་ལོག་བྱེད་འདོད་ཡོད་པས་ཕྱི་རྒྱལ་ནང་འགྲོ་འདོད་མེད་སྐོར་སྐྱབས་བཅོལ་ལས་ཁུངས་ལ་སྙན་ཞུ་ཕུལ་ཡོད་འདུག རིང་མིན་སྐྱབས་བཅོལ་བ་ཁྲི་བཞི་ནས་ལྔ་བར་གྱིས་རང་ཡུལ་དུ་ཕྱིར་ལོག་དགོས་པའི་སྙན་ཞུ་ཕུལ་རྩིས་ཡོད་ལུགས་བལ་ཡུལ་སྤྱི་ཚོགས་བདེ་དོན་ལས་ཁུངས་སི་ལྦིལ་སོ་སའེ་ཊི་ཞེས་པའི་འབྲེལ་མཐུད་པ་ཧར་ཀ་ཇུང་སུ་སྦ་ཡིས་འགྲེལ་བརྗོད་བྱས་འདུག འདས་པའི་ལོ་བཅོ་བརྒྱད་རིང་བལ་ཡུལ་ནང་འབྲུག་མི་འབུམ་གཅིག་དང་ཁྲི་དྲུག་ཡོད་པའི་ཁོངས་ནས་ཆིག་སྟོང་བཞི་བརྒྱ་རྒྱལ་ཁབ་གཞན་དུ་གཏན་སྡོད་ཆེད་བཏང་ཟིན་ཡོད་པ་རེད།།