འབྲུག་རྒྱལ་པོ་མཆོག་གི་འཁྲུངས་སའི་གྲ་སྒྲིག་བྱེད་བཞིན་པ།
འབྲུག་རྒྱལ་པོ་མཆོག་གི་འཁྲུངས་སའི་རྟེན་འབྲེལ་མཛད་སྒོའི་གྲ་སྒྲིག་ཤུགས་ཆེ་བྱེད་བཞིན་ཡོད་འདུག
-
2011-10-02 -
-
-
༄༅༎ཟླ་བ་འདིའི་ཚེས་བཅུ་གསུམ་ཉིན་འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་མཆོག་འཇིགས་རྟེན་གཉེན་བསྒྲིགས་གནང་གི་ཡོད་པ་དང་། རྒྱལ་པོ་མཆོག་གི་འཁྲུངས་སའི་མཛད་སྒོའི་གྲ་སྒྲིག་ཞུ་སྒོ་ཁག་བྲེལ་ཟིང་ངང་གནང་བཞིན་ཡོད་པ་མ་ཟད་མི་མང་སྐྱུས་མ་ཚོ་ཡང་སོ་སོ་རང་ཉིད་རྒྱལ་པོའི་འཁྲུངས་སའི་མཛད་སྒོར་དགའ་སྟོན་ཉིན་མོར་ཟབ་འཆར་སྤྲད་རྒྱུར་གྱོན་གོས་དང་། ཀོ་བའི་ལྷམ་སོགས་དམིགས་བསལ་འཚེམས་རྒྱུར་མངགས་པ་སོགས་མི་མང་ཚོ་ཡང་ཉིན་མོ་དེར་ངང་འགུགས་བྱེད་བཞིན་ཡོད་པ་རེད། འབྲུག་གི་གསར་འགྱུར་བརྒྱུད་ལམ་ནང་ཐོན་པར་ལྟར་ན། གཞུང་འབྲེལ་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་ཚུགས་ཡུལ་ཕུ་ནུ་ཁའི་ལྷ་མཚོ་ཞེས་པའི་ས་གནས་སུ་དམིགས་བསལ་སྐུ་མགྲོན་ཞུགས་ཡུལ་གུར་དང་། ཕྱི་ཕྱོགས་སུ་མི་མང་འདུ་འཛོམས་བྱེད་ཡུལ་གྱི་གུར་དྲུག་བརྒྱ་ཙམ་རྒྱབ་བཞིན་ཡོད་འདུག འདས་པའི་ཟླ་བ་འགའ་ཤས་ནས་བཟུང་གྱོན་གོས་དང་། ལྷམ་བཟོ་མཁན། མཛད་སྒོའི་ཐོག་བེད་སྤྱོད་བྱེད་རྒྱུའི་ལྕོག་རྩེ་དང་། གདན་རྒྱག་སོགས་བཟོ་མཁན་ཤིང་བཟོ་བ་ཚོས་རྒྱུན་ལས་ལྷག་ཙམ་དུས་ཚོད་བཏང་ནས་གྲ་སྒྲིག་ཞུ་སྒོ་ཁག་འཐུས་ཚང་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་འདུག
འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་མཆོག་ལོ་འདིར་དགུང་གྲངས་གསུམ་བཅུ་སོ་གཅིག་ལ་ཕེབས་ཀྱི་ཡོད་པ་དང་། ཁོང་གི་བཙུན་མོར་དགུང་གྲངས་ཉི་ཤུ་རྩ་གཅིག་ཡིན་པའི་རྗེ་བཙུན་པདྨ་ལགས་ཞུ་བ་ཞིག་ཡིན་འདུག ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་། འབྲུག་རྒྱལ་མཆོག་གི་གྲོས་ཚོགས་ནང་། ཁོང་འཇིགས་རྟེན་གཉེན་སྒྲིག་གནང་གི་ཡིན་ཞེས་གསལ་བསྒྲགས་གནང་བའི་རྗེས་སུ་འབྲུག་རྒྱལ་ཁབ་ཀྱི་མི་མང་ཚོར་ཧ་ཅང་དགའ་འཚོར་ཆེན་པོས་རྒྱལ་ཡོངས་སུ་དགའ་སྟོན་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།།