འབྲུག་རྒྱལ་ཁབ་ནང་རྒྱལ་སྲས་འཁྲུངས་ཡོད་པའི་གནས་ཚུལ།
2016.02.06

༄༅། །འབྲུག་ཀྱི་རྒྱལ་པོ་དང་བཙུན་མོ་གཏན་ཞལ་གཉིས་ལ་རྒྱལ་སྲས་དང་པོ་དེ་འཁྲུངས་ཡོད་པའི་གསལ་བསྒྲགས་གནང་བཞག དེ་ཡང་འབྲུག་གཞུང་གི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་པར་གཞིགས་ན། འབྲུག་རྒྱལ་པོ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། བཙུན་མོ་རྗེ་བཙུན་པད་མ་མཆོག་གི་སྲས་ཕྱི་ཟླ་༢ཚེས་༥ཉིན་འབྲུག་གི་རྒྱལ་ཐིམ་ཕུར་ཡོད་པའི་གླིང་ཀ་ན་ཞེས་པའི་རྒྱལ་ཁང་ནང་འཁྲུངས་ཡོད་པ་དང་། འབྲུག་རྒྱལ་པོ་མཆོག་དང་ཁོང་གི་ནང་མི་ཚང་མ་སྲས་འཁྲུངས་པར་ཧ་ཅང་དགའ་པོ་བྱུང་ཡོད་ལུགས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་གསུངས་འདུག
ཡང་སྤྱི་བསྒྲགས་དེའི་ནང་དཀོན་མཆོག་དང་ལྷ་མཆོད་སྐྱོང་སྲུང་མ་རྣམས་ཀྱི་བཀའ་དྲིན་དང་། དེ་བཞིན་འབྲུག་གི་ཡུལ་མི་རྣམས་ཀྱིས་སྨོན་ལམ་ལ་བརྟེན་ནས་འགེག་རྐྱེན་བར་ཆད་གང་ཡང་མེད་པའི་ཐོག་ནས་རྒྱལ་སྲས་འཁྲུངས་ཤིང་། བཙུན་མོ་མཆོག་དང་རྒྱལ་སྲས་གཉིས་ཀ་སྐུ་གཟུགས་བདེ་ཐང་ཡིན་སྐོར་བཀོད་བཞག ད་ལྟ་རྒྱལ་སྲས་ལ་མཚན་གསོལ་མེད་ཀྱང་རིམ་པས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག
རྒྱལ་ཡོངས་ཀྱི་ཡོང་འབབ་ལས་རྒྱལ་ཡོངས་ཀྱི་བདེ་སྐྱིད་གལ་གནད་ཆེ་བར་བརྩི་མཁན་འབྲུག་ཡུལ་ལ་མི་འབོར་འབུམ་བདུན་དང་ཕྱེད་ཀ་ཙམ་ལས་མེད་པ་རེད། ད་ལྟའི་འབྲུག་རྒྱལ་པོ་མཆོག་དབྱིན་ཡུལ་དང་ཨ་རིའི་ནང་སློབ་སྦྱོང་གནང་ཡོད་པ་དང་། ཁོང་ཕྱི་ལོ་༢༠༠༨ལོར་འབྲུག་གི་རྒྱལ་པོར་གསེར་ཁྲིར་མངའ་གསོལ་ཞུས་ཡོད་པ་རེད། ཕྱི་ལོ་༢༠༡༡ལོར་འབྲུག་རྒྱལ་པོ་འཇིགས་མེད་གེ་གསར་རྣམ་རྒྱལ་དབང་ཕྱུག་མཆོག་དང་རྗེ་བཙུན་པད་མ་མཆོག་འཁྲུངས་ས་སྐྱོན་ཡོད་པ་དང་ འབྲུག་རྒྱལ་མཆོག་གི་གཉེན་སྒྲིག་རྟེན་འབྲེལ་དེ་བཞིན་ཧ་ཅང་གྲ་རྒྱས་ངང་གནང་ཡོད་པ་དང་ གནས་ཚུལ་དེ་ནི་འབྲུག་གི་གསར་འགྱུར་བརྒྱུད་ལམ་གྱི་ལོ་རྒྱུས་ནང་གནས་ཚུལ་ཆེ་ཤོས་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།