འབུམ་ལ་ས་མཚམས་ནི་ལོ་རྒྱུས་ཐོག་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་སྐོར་ཁུལ་དེར་གནས་སྡོད་མཐའ་སྲུང་དམག་མི་རྣམས་ནས་གོ་རྟོགས་སྤེལ་བཞིན་ཡོད་པ།
དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ནས་ཟླ་ ༡༡ ཚེས་ ༦ ནས་ ༢༠ བར་བཅས་ཉིན་གྲངས་ཅོ་ལྔའི་རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ། མོཎ་རྟ་དབང་དང་། ཤི་ལོང་ཁུལ་དུ་གཞུང་འབྲེལ་ས་བགོས་ཕྱོགས་ཕེབས་གནང་ཡོད་པ་དང་། ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཁུལ་དེར་གནས་སྡོད་བོད་མི་རྣམས་དང་གཞིས་ཆགས་ཁག་གི་སྤྱི་ཡོངས་གནས་སྟངས་རྣམས་རྒྱུས་ལོན་གནང་རྒྱུ་དང་འབྲེལ། གཞིས་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། རྒྱལ་སྤྱིའི་ཁྲོད་ད་ལྟའི་བོད་པའི་ཆབ་སྲིད་གནས་སྟངས་ཞེས་པའི་བརྗོད་གཞི་གཙོ་བོ་གཉིས་ཐོག་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད་སྐོར། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་གསུངས་ན། བོད་དེ་གནའ་སྔ་མོ་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་རྒྱུས་ཐོག་བོད་དང་རྒྱ་གར་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་བརྟེན། ཁོང་རྣམ་པ་གཉིས་ནས་ཚེས་ ༡༣ ཉིན་ཨ་རུ་ནཱ་ཅལ་ཁུལ་མོན་རྟ་དབང་ནས་རྒྱང་ཐག་སྤྱི་ལེ་ ༣༧ ཙམ་ལ་ཡོད་པའི་རྒྱ་མཚོ་ནས་མཐོ་ཚད་ ༡༥༢༠༠ ཕིཌ་ཡོད་པའི་འཕགས་བོད་གཉིས་ཀྱི་ས་མཚམས་ (Bhumla Pass) འབུམ་ལ་དང་ཆུ་དྭངས་མ། གཞན་ཡང་ཆུ་མིག་རྒྱ་རྩའི་ས་མཚམས་བཅས་ཨ་རུ་ནཱ་ཅལ་ནང་ཡོད་པའི་ས་མཚམས་ཁག་གསུམ་དུ་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་འབུམ་ལ་ས་མཚམས་ཁུལ་དུ་གནས་སྡོད་མཐའ་སྲུང་དམག་མི་རྣམས་ནས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ས་མཚམས་ངོ་སྤྲོད་སྐབས་དེ་ནི་ལོ་རྒྱུས་ཐོག་འཕགས་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གི་ས་མཚམས་མིན་པའི་སྐོར་སོགས་བོད་དོན་གོ་རྟོགས་སྤེལ་བཞིན་པ་མཐོང་རྒྱུ་བྱུང་བ་ནི་དགའ་འོས་པ་ཞིག་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ནས་ཟླ་ ༡༡ ཚེས་ ༦ ནས་ ༢༠ བར་བཅས་ཉིན་གྲངས་བཅོ་ལྔའི་རིང་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་བསྟན་འཛིན་ཁང་དང་འབུམ་དཱི་ལ། དྷི་རང་། རྟ་དབང་། ཤི་ལོང་སོགས་སུ་ཕྱོགས་བསྐྱོད་གནང་ཡོད་པ་དང་། ད་ལན་མོན་ཡུལ་རྡོ་ར་སྤྱན་རས་གཟིགས་དགོན་པར་སྤྱི་མཐུས་རྣམ་པ་གཉིས་ནས་གཟིགས་སྐོར་ཕེབས་པ་དེ་ནི་སྤྱི་འཐུས་ཞིག་ནས་དངོས་སུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།