༄༅༎རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་ཉིན་གྲངས་༡༣ རིང་བོད་ཀྱི་ཨ་མདོ་བླ་བྲང་ཁུལ་དུ་འཚམས་འདྲིར་བསྐྱོད་དེ། རེས་གཟའ་ཉི་མའི་ཉིན་འཚམས་འདྲི་མཇུག་སྒྲིལ་པའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་རིང་ཤིང་ཧྰ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བའི་ནང༌། པན་ཆེན་རྒྱལ་མཚན་ནོར་བུས་ད་རེས་ཀྱི་འཚམས་འདྲི་དེའི་སྐབས། ཨ་མདོ་བླ་བྲང་དང་དེའི་ཁུལ་གྱི་དགོན་སྡེ་ཁག་ནང་ཆོས་དད་རང་དབང་ཆེན་པོ་ཡོད་པ་དེར་ཡིད་སྨོན་ཆེན་པོ་བྱུང་ཚུལ་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་མ་ཟད། ས་གནས་ཀྱི་ཁྱིམ་ཚང་དབུལ་པོ་ཚོར་དངུལ་སྤྲད་པ་དང༌། རྒྱ་ནག་གཞུང་གིས་རྒྱབ་པའི་འབྲོག་པའི་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་དེ། རྒྱལ་ཁབ་ཆིག་སྒྲིལ་བྱ་དགོས་པ་དང༌། ཁྲིམས་ལུགས་སྲུང་བརྩི་ཞུ་དགོས་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད། འོན་ཀྱང་བླ་བྲང་ཁུལ་གྱི་དགེ་འདུན་པ་ཚོས་ད་རེས་རྒྱལ་མཚན་ནོར་བུའི་འཚམས་འདྲི་དེ་ཡིས། རྒྱ་ནག་གཞུང་གིས་དམ་བསྒྲཌ་ཀྱི་སྲིད་ཇུས་ཤུགས་ཆེ་རུ་གཏོང་རྒྱུ་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་རྣོ་ངར་ཆེ་རུ་གཏོང་རྒྱུའི་འཇིགས་སྣང་ཆེན་པོ་བྱུང་ཡོད་པའི་སྐོར་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུང་ཡོད་པ་རེད། རྩ་བའི་པན་ཆེན་རིན་པོ་ཆེ་ནི། བོད་ཀྱི་བླ་ཆེན་ཞིག་ཡིན་པ་དང༌། འོན་ཀྱང་རྒྱལ་མཚན་ནོར་བུ་ནི་།ལོ་དྲུག་སྐབས་རྒྱ་ནག་གཞུང་གིས་པན་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་བསྐོ་བཞག་བྱས་པར་སོང༌། བོད་མི་དམངས་ཀྱིས་ཡིད་ཆེས་དང་དད་པ་བྱེད་ཀྱི་མེད་ཅིང༌། རྒྱལ་བ་རིན་པོ་ཆེས་༡༩༩༥ ལོར་པན་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དུས་དེ་ནས་བཟུང་མཇལ་རྒྱུ་མེད་པར་གྱུར་ཡོད་པ་རེད། རྒྱལ་མཚན་ནོར་བུ་ད་ཆ་ལོ་༢༡ ལ་སླེབས་ཡོད་པ་དང༌། རྒྱ་ནག་གཞུང་གིས་བར་ལམ་ལོ་འགའ་ཤས་གོང་ཙམ་ནས་ཆབ་སྲིད་ནང་བེད་སྤྱོད་གཏོང་རྒྱུ་ཤུགས་ཆེ་རུ་བཏང་སྟེ། གཞུང་གི་གནད་ཡོད་གོ་གནས་སྤྲད་པ་དང༌། བོད་དུ་འཛིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་ཡག་པོ་ཡོད་ཚུལ་གྱི་དྲིལ་བསྒྲགས་བྱེད་དུ་མི་དམངས་ནང་ཐོན་དུ་བཅུག་གི་ཡོད་པ་རེད།
བླ་བྲང་དགོན་པ་དེ་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་སུ་ཡོད་པའི་གལ་ཆེའི་དགོན་པ་ཞིག་ཡིན་པ་དང༌། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང། བླ་བྲང་གི་དགེ་འདུན་པ་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེན་པོ་སྤེལ་བཞིན་ཡོད་པ་རེད།