ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་འཆར་གཞིར་རྒྱ་ནག་གིས་དགའ་བསུ།
2011.01.23
༄༅༎ལྷོ་བྱང་ཀོ་རི་ཡའི་དྲག་པོའི་དཔོན་རིགས་དབར་གྲོས་མོལ་འབྱུང་ཐབས་ཀྱི་འཆར་གཞིར་རྒྱ་ནག་གཞུང་གིས་དགའ་བསུ་ཡོད་ལུགས་བརྗོད་འདུག
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེཡིས་གྲོས་མོལ་གྱི་ལམ་ནས་ལྷོ་བྱང་ཀོ་རི་ཡ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་ དེ་བརྒྱུད་ཕྱོགས་གཉིས་དབར་ཞི་འཆམ་འདུམ་སྒྲིག་ཡོང་ཐབས་བྱེད་བཞིན་པར་ང་ཚོས་དགའ་བསུ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་དང་གྲོས་མོལ་འཆར་གཞི་འདིའི་གྲུབ་འབྲས་བཟང་པོ་འབྱུང་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཅེས་བཀོད་འདུག།
ཕྱི་ལོ་༢༠༡༠ལོའི་ནང་དོན་རྐྱེན་མང་པོ་ཞིག་གི་ཐོག་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཅིང་དེ་ཡང་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་ལྷོ་ཀོ་རི་ཡའི་དམག་གྲུ་ཞིག་ལ་གཏོར་རྒོལ་བྱུང་སྟེ་ དམག་མི་༤༦རྐྱེན་ལམ་དུ་སོང་བ་དང་ དེའི་བྱེད་ལྟེ་བྱང་ཀོ་རི་ཡ་ཡིན་པ་བརྗོད་བཞིན་ཡོད་པ་རེད་ ཡང་དེ་རྗེས་ཕྱི་ཟླ་བཅུ་གཅིག་པའི་ནང་ལྷོ་ཀོ་རི་ཡའི་ས་མཚམས་ཀྱི་ས་ཁུལ་ཞིག་ཏུ་བྱང་ཀོ་རི་ཡས་མེ་སྒྱོག་གི་ཚུར་རྒོལ་བྱུང་སྟེ་ ཞི་དྲག་གི་ཡུལ་མི་བཞི་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་གྱི་ཐོག་ནས་ཀོ་རི་ཡའི་ཕྱེད་གླིང་དེའི་ནང་ཛ་དྲག་གི་གནས་ཚུལ་ཆེན་པོ་ཞིག་བཟོས་ཡོད་པ་རེད། ཨ་མི་རི་ཀ་སོགས་འཛམ་གླིང་གི་ཡུལ་གྲུ་མང་པོས་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཀྱང་ རྒྱ་ནག་བྱང་ཀོ་རི་ཡའི་རྒྱབ་ཏུ་བརྟན་པོར་ལངས་ཏེ་སྐྱོན་བརྗོད་གང་ཡང་བྱས་མེད་པ་རེད།
འོན་ཀྱང་གློ་བུར་དུ་ལོ་གསར་པ་འདིའི་འགོ་སྟོད་དུ་བྱང་ཀོ་རི་ཡའི་ངོས་ནས་ལྷོ་ཀོ་རི་ཡ་དང་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་ལན་མང་བསྟན་ཞིང་ མཐར་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡས་ ཡུལ་གྲུ་གཉིས་ཀྱི་ཆེས་མཐོའི་དྲག་པོའི་དཔོན་རིགས་དབར་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱས་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད།
འོན་ཀྱང་ལྷོ་ཀོ་རི་ཡའི་གཞུང་གི་ ཀོ་རི་ཡ་གཅིག་བསྒྲིལ་ལས་དོན་ལྷན་ཁང་གིས་ གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་ བྱང་ཀོ་རི་ཡའི་ངོས་ནས་ ཕྱི་ལོ་ ༢༠༡༠ ལོའི་ནང་ལྷོ་ཀོ་རི་ཡའི་ཞི་དྲག་གི་གཏེན་གཞི་ཁག་ལ་ཚུར་རྒོལ་བྱས་པ་ངོས་ལེན་བྱེད་དགོས་པ་དང་ འབྱུང་རྒྱུར་གནས་ཚུལ་འདི་རིགས་མི་ཡོང་བའི་ཁས་ལེན་བྱེད་དགོས་པ་ དེ་བཞིན་རྡུལ་ཕྲན་གྱི་ལས་གཞི་མཚམས་འཇོག་བྱེད་འདོད་ཡོད་ལུགས་བརྗོད་བཞིན་པ་དེ་ཁ་ཙམ་མིན་པར་དོན་ངོ་མའི་ཐོག་ལག་ལེན་འཁེལ་དགོས་ལུགས་བརྗོད་བཞིན་ཡོད་པ་རེད།།