རྒྱ་ནག་ནང་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད་པ་རེད་།
2008.05.09
༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་དུས་བཀག་ལ་སླེབས་ཉེ་ཡོད་པའི་སྐབས་སུ་རྒྱ་ནག་ནང་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད་པ་རེད་།
དེ་ཡང་རྒྱ་ནག་པེ་ཅིན་དུ་ཕྱི་ཟླ་བརྒྱད་པའི་ནང་ཚོགས་རྒྱུའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་བདེ་འཇགས་ཀྱི་གནད་དོན་ལྷག་རྒྱུར་སྔོན་འགོག་ཆེད་པེ་ཅིན་གཞུང་གིས་བདེ་འཇགས་ཀྱི་ཚད་གཞི་གསར་པ་ལག་བསྟར་བྱེད་གོ་ཚུགས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པ་རེད་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་རྒྱ་ནག་ནང་བདེ་འཇགས་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་ཚད་གཞི་གསར་པ་ལག་བསྟར་བྱེད་གོ་ཚུགས་པའི་སྐོར་གྱི་གནས་ཚུལ་སྤེལ་ཡས་དེ་ཡང་ པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་བདེ་འཇགས་དཔོན་རིགས་ནས་གཟའ་ཕུར་བུའི་ཉིན་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་སྤེལ་རྒྱུ་འགོག་ཐབས་སུ་རྒྱ་ནག་གི་དམག་དཔུང་གཏོང་རྒྱུའི་ཐབས་ལམ་འཛིན་སྲིད་པ་ཕྱིར་བསྒྲགས་བྱས་པའི་རྗེས་གནས་ཚུལ་སྤེལ་བ་ཞིག་ཡིན་པ་རེད་། རྒྱ་ནག་ནང་དེང་སྐབས་ཉེན་རྟོག་པས་མཚན་མོ་ཕྱིར་བསྐྱོ་བྱེད་མཁན་གྱི་མོ་ཊའི་རིགས་ལ་ཞིབ་བཤེར་བྱེད་འགོ་ཚུགས་ཡོད་པ་དང་འབྲེལ་ རི་ལིའི་བབས་ཤུགས་དང་སྤྱི་སྤྱོད་སྣུམ་འཁོར་བབས་ཚུགས་སོགས་ལ་འབར་སླ་བའི་ཁུ་བའི་རིགས་འཁྱེར་མཁན་གྱི་འགྲུྲལ་པ་ཡོད་མེད་བརྟག་དཔྱད་ནན་པོ་བྱེད་བཞིན་ཡོད་པ་པེ་ཅིན་གྱི་གཞོན་ནུའི་ཚགས་ཤོག་དང་པེ་ཅིན་གསར་འགྱུར་ཞེས་པའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད་། པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་བདེ་འཇགས་ལས་ཁང་གི་འགན་འཛིན་ ཊན་ཡི་ཤཱང་ གིས་ཁ་ས་བརྗོད་པར་ པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཕྱོགས་གསུམ་ཡོད་པ་ནི་ཤར་ཏུར་ཀི་སི་ཐན་འཇིགས་སྐུལ་དྲག་སྤྱོད་པ་དང་ དེ་བཞིན་བོད་མི་ཁ་བྲལ་རིང་ལུགས་པ་ ཕཱ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཡིན་ལུགས་བཤད་ཡོད་པ་རེད་།