རྒྱལ་སྤྱིའི་ཡུལ་གྲུ་གང་སར་པེ་ཅིང་གི་ངོ་རྒོལ་བར་རྒྱབ་སྐྱོར་དང་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
ཉིན་ཤས་གོང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ནམ་རྒྱུན་མཐོང་དཀོན་པའི་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས་ཁེར་རྐྱང་ལས་འགུལ་བ་དེར་རྒྱབ་སྐྱོར་ཆེད་རྒྱལ་སྤྱིའི་ཡུལ་གྲུ་གང་སར་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
དེ་ཡང་བདུན་ཕྲག་སྔོན་མའི་འདི་ཚེས་༡༣ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་༢༠པ་ཚོགས་རྒྱུར་ཉིན་གྲངས་གསུམ་ལས་མེད་པའི་སྐབས་དང་བསྟུན། རྒྱལ་ས་པེ་ཅིན་གྱི་འཁྲུག་ཆ་དོད་པའི་ས་ཁུལ་(Haidian)་རྗོང་གི་(Sitong)་ཞེས་པའི་ཟམ་པའི་སྟེང་། རྒྱ་མི་ཞིག་གིས་སློབ་མཚམས་དང་ལས་མཚམས་བཞག་སྟེ་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་འཚོང་ནང་རུལ་པ་ཞི་ཅིང་ཕིང་གནས་དབྱུང་གཏོང་དགོས་ཞེས་འབོད་ཚིག་འདྲ་མིན་བྲིས་བའི་འཕྲེད་དར་ཁག་ཁ་ཤས་དཔྱང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་མ་ཐག་ལས་འགུལ་བ་དེ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། ད་ཆ་ཁེར་རྐྱང་ལས་འགུལ་བ་དེའི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་ཆེད། ཨ་རི་དང་དབྱིན་ཡུལ། ཡོ་རོབ། ཨོསི་ཊརེ་ལི་ཡ། གཞན་རྒྱལ་ཁབ་མང་པོའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཁག་ནང་ཞི་ཅིང་ཕིན་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བ་དང་ནང་དོན་འདྲ་བའི་འཕྲེད་དར་བསྒྲེངས་བའི་གནས་ཚུལ་བྱུང་བཞིན་པ་དབྱིན་ཇིའི་(BBC)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དཔེར་ན། ཨ་རིའི་(Maine)་མངའ་སྡེའི་(Colby)་གཙུག་ལག་སློབ་གྲྭའི་ནང་། སྒོ་བྱང་ཞིག་གི་སྟེང་པེ་ཅིང་ནས་ཟམ་པའི་སྟེང་ལས་འགུལ་སྤེལ་མཁན་རྒྱ་མི་དེར་བསྔགས་བརྗོད་བྱས་པ་དང་སྦྲགས་ང་ཚོ་རྒྱ་མི་རིགས་ཚོར་སྨྲ་བརྗོད་ཀྱི་རང་དབང་དགོས་ཞེས་འཁོད་པའི་འཕྲེད་དར་དཔྱང་ཡོད་འདུག
དེ་བཞིན་ཨོསི་ཊརེ་ལི་ཡའི་(Melbourne)་གཙུག་ལག་སློབ་གཉེར་ཁང་དུ། ཞི་ཅིང་ཕིན་ངའི་སྲིད་འཛིན་མིན། ཞི་ཅིན་ཕིན་མི་དགོས་ཞེས་འཁོད་པའི་སྦྱར་ཡིག་འགྲེམས་སྤེལ་བྱས་འདུག གཞན་ཡང་རྒྱ་རིགས་ལས་འགུལ་བ་ཚོའི་སྤྱི་ཚོགས་དྲ་བ་(Instagram)་དང་། (Twitter)་ངོ་དེབ་སོགས་ཀྱི་ནང་། ཟམ་པའི་སྟེང་ནས་ལས་འགུལ་སྤེལ་མཁན་རྒྱ་མི་དེར་རྒྱབ་སྐྱོར་དང་ད་ཆ་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་བཞིན་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱེད་མཁན་ཡང་མང་པོ་བྱུང་བཞིན་ཡོད་འདུག
དེ་མཚུངས་ད་དུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་རྣམ་པ་མཚོན་པའི་སྦྱར་ཡིག་དང་འཕྲེད་དར་ཕྱར་བའི་ལས་འགུལ་རིགས་ཨ་རིའི་(Stanford)་དང་། ཨེ་མོ་རི་(Emory)་གཙུག་ལག་སློབ་ཆེན། དེ་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་(Kings College)་གཙུག་ལག་སློབ་ཆེན་སོགས་གང་སར་གནས་ཚུལ་དེའི་རིགས་ཐོན་བཞིན་ཡོད་པ་རེད།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།