རྒྱ་ནག་ནས་བཟོས་པའི་དངོས་རྫས་ཀྱི་མཐོང་ཚུལ་ངན་པ།
2009.12.01
༄༅༎འདས་པའི་ལོ་ཤས་ནང་རྒྱ་ནག་ནང་བཟོས་པའི་དངོས་རྫས་མང་དག་ཅིག་གི་ནང་དུག་རྫས་བསྲེས་ལྷད་ཡོད་པ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཁྱོན་ཆེ་བྱུང་སྟེ་རྒྱལ་སྤྱིའི་ནང་རྒྱ་ནག་ནས་བཟོས་པའི་དངོས་རྫས་ཀྱི་ཆེ་ཐོངས་ལ་ཉམ་རྒུད་ཆེན་པོ་བྱུང་ཡོད་པ་དང་ད་ཆ་རྒྱ་ནག་གཞུང་ཕྱོགས་ནས་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་ཐོག་ནས་མཐོང་ཚུལ་ངན་པ་དེ་དག་འགོག་ཐབས་བྱེད་བཞིན་ཡོད་འདུག།
རྒྱ་ནག་གཞུང་གི་ཚོང་དོན་ལས་ཁང་ནས་ཕྱོགས་བསྒྲིགས་བྱས་པའི་རྒྱ་ནག་ནང་བཟོས་པ་འཛམ་གླིང་དང་མཉམ་དུ་བཟོས་པ་ཞེས་སྐར་ཆགས་གསུམ་བཅུ་ཅན་གྱི་དྲིལ་བསྒྲགས་གློག་བརྙན་དེ་བཞིན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སཱི་ཨེན་ཨེན་བརྙན་འཕྲིན་ལས་རིམ་གྱི་བར་སེང་དུ་ཨ་མི་རི་ཀ་དང་ཨེ་ཤི་ཡ་སོགས་ཀྱི་ནང་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་གསུམ་ནས་བསྟན་འགོ་ཚུགས་ཡོད་པ་རེད།
དྲིལ་བསྒྲགས་བརྙན་འཕྲིན་དེའི་ནང་རྒྱ་ནག་ནང་བཟོས་པའི་དངོས་རིགས་ཁག་ཅིག་ཕྱི་རྒྱལ་གྱི་བཟོ་ལས་ཁེ་གཉེར་ལས་ཁང་དང་ཕྱི་རྒྱལ་གྱི་བཟོ་རིག་ལག་རྩལ་གྱི་བཀོད་བྱུས་དང་རོགས་རམ་གྱི་འོག་བཟོས་པ་གསལ་སྟོན་བྱས་ཡོད་ཅིང་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་བཟོ་གྲྭ་ཁག་ནས་དངོས་རྫས་ཀྱི་སྤུས་ཀ་ཇེ་མཐོར་བཏང་པ་བརྒྱུད་ཚོང་ལས་སྤེལ་ཡུལ་ཕྱིའི་ཡུལ་གྲུ་ཁག་དང་འབྲེལ་ལམ་གོང་མཐོར་གཏོང་ཐབས་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་ཚོང་དོན་ལས་ཁང་གིས་གསལ་བསྒྲགས་བྱས་འདུག།
རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་དེ་སཱི་ཨེན་ཨེན་བརྙན་འཕྲིན་ལས་རིམ་ཐོག་གཟའ་འཁོར་དྲུག་རིང་རྒྱང་སྲིང་བྱེད་འཆར་ཡོད་པ་རེད།
རྒྱ་ནག་ནང་བཟོས་པའི་ཟས་རིགས་དང་ཕྲུ་གུའི་རྩེད་ཆས་དེ་བཞིན་སྨན་སྦྱོར་དངོས་རྫས་མང་དག་ཅིག་གི་ནང་མིའི་འཕྲོད་བསྟེན་ལ་གནོད་གཞིའི་དུག་རྫས་ཀྱི་ཚད་གཞི་མཐོ་པོ་ཡོད་པ་ཤེས་རྟོགས་བྱུང་རྗེས་འཛམ་གླིང་ཡུལ་གྲུ་གང་སའི་གཞུང་གིས་ཚོང་ཁང་ཁག་གི་ནང་ཚོང་བསྒྱུར་བྱེད་བཞིན་པའི་དངོས་རིགས་དེ་དག་ཕྱིར་བསྡུ་བྱས་དགོས་པ་ཆགས་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་དྲིལ་བསྒྲགས་ལས་རིམ་འདིའི་ཐོག་ནས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་བཟོས་པའི་དངོས་རྫས་ཁག་ལ་མཐོང་ཚུལ་ངན་པ་བྱུང་བ་དེ་དག་འཛམ་གླིང་མི་དམངས་དང་ཐད་ཀར་འབྲེལ་བ་བྱས་ཏེ་འགོག་ཐབས་བྱེད་བཞིན་ཡོད་པ་མཚོན་ལུགས་བརྗོད་བཞིན་ཡོད་འདུག འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་དྲིལ་བསྒྲགས་ཀྱི་ལས་རིམ་འདིའི་ཐོག་ནས་རྒྱ་ནག་འདི་འཛམ་གླིང་ནང་མིང་ཡོད་པའི་ཁེ་གཉེར་ལས་ཁང་ཆེ་ཁག་ཚོའི་བཟོ་གྲྭ་ཆེན་པོ་ཞིག་ཡིན་པ་སྣང་ཚུལ་མུ་འཐུད་བསྟན་པ་དང་གལ་ཏེ་འཛམ་གླིང་མི་དམངས་ཀྱི་མཐོང་ཚུལ་ལ་དོན་དངོས་འགྱུར་བ་གཏོང་དགོས་ཚེ་རྒྱ་ནག་རང་ཉིད་ཀྱི་འཕྲུལ་རིག་ལག་རྩལ་ཁྱད་ཆོས་ལོངས་སུ་སྤྱད་སྟེ་དངོས་པོ་གསར་བསྐྲུན་བྱ་ཡུལ་ཞིག་ཡིན་པ་སྟོན་ཐུབ་པ་དགོས་རྒྱུའི་བསམ་ཚུལ་བརྗོད་བཞིན་ཡོད་པ་རེད།