ཨ་རིའི་ནང་གི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ལ་ཞིབ་འཇུག
2014.12.05

རྒྱ་ནག་གིས་ཁུང་ཙི་ཞེས་ཤེས་ཡོན་བརྗེ་ལེན་གྱི་ལས་དོན་ཐོག་ཞིབ་འཇུག་བྱ་གལ་ཆེ་སྐོར་ཨ་རིའི་གྲོས་ཚོགས་ཀྱི་མཐོ་རིམ་མི་སྣས་གསུངས་འདུག
དེ་ཡང་ཚེས་༤ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་Christopher Smithམཆོག་གིས། ཨ་རིའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཁག་ལ་རྒྱ་ནག་ནས་འགྲོ་གྲོན་གྱི་མཐུན་འགྱུར་མཁོ་སྤྲོད་བྱས་སྟེ་Confucious Instituteའམ་ཁུང་ཙི་ལྟེ་གནས་ཅེས་གསར་འཛུགས་བྱས་པ་བརྒྱུད་ཨ་རིའི་ཤེས་ཡོན་གྱི་ལས་དོན་ནང་ཐེ་ཇུས་ཇི་ལྟར་བྱེད་པའི་གནས་སྟངས་གནས་ལུགས་སྐོར་འདྲི་རྩད་ཀྱི་ཉན་ཞིབ་སྐོང་ཚོགས་གནང་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན་༢༠༠༤ནས་བཟུང་ད་བར་ཨ་རིའི་མཐོ་རིམ་གཙུག་ལག་སློབ་གྲྭ་༡༠༠ཙམ་ནང་རྒྱ་ནག་གི་རིག་གཞུང་སློབ་འཁྲིད་ཆེད་ཁུང་ཙི་ལྟེ་གནས་བཙུགས་ཡོད་པ་རེད། ཁ་ས་གྲོས་ཚོགས་ཀྱི་ཉམས་ཞིབ་སར་ཨ་རིའི་ནང་གྲགས་ཆེ་བའི་རྒྱ་ནག་ཐོག་མཁས་དབང་Californiaགཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་Perry Link ཞུ་བས་ ཁུང་རྩི་ལྟེ་གནས་ཁང་དེ་དག་ནང་རྒྱའི་སྐད་ཡིག་དང་རིག་གཞུང་སློབ་འཁྲིད་བྱ་མཁན་རྒྱ་རིགས་རྣམས་རྒྱ་ནག་གཞུང་ནས་དམིགས་བསལ་འདེམས་བསྐྲུག་གི་བསྐོ་བཞག་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ཁུང་ཙི་ལྟེ་གནས་ཁང་བཙུགས་རྒྱུའི་ཆེད་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ལ་རྒྱ་ནག་གཞུང་ནས་རོགས་དངུལ་སྤྲོད་སྐབས་ལྟེ་གནས་ཁང་དེ་ཚོའི་སློབ་འཁྲིད་ནང་ རྒྱ་ནག་གཞུང་ལ་ཕོག་ཐུག་ཆེ་བའི་བོད་དང་ཐེ་ཝན་གྱི་གནད་དོན། དེ་བཞིན་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་སོགས་གླེང་སློང་བྱེད་མི་ཆོག་པའི་ཆ་རྐྱེན་བཞག་སྟེ་ཨ་རིའི་ནང་ཤེས་ཡོན་གྱི་སྨྲ་བརྗོད་རང་དབང་ལ་བཏང་འཛིན་བྱེད་བཞིན་ཡོད་པ་གསལ་འདོན་གནང་ཡོད་པ་རེད།
དེ་བཞིན་ཡང་གོང་གསལ་གྲོས་ཚོགས་ཀྱི་ཉམས་ཞིབ་སར་Wellesley Collegeཞེས་ཨ་རིའི་Massachusetts མངའ་སྡེའི་ནང་རྟེན་གཞི་བྱས་པའི་མཐོ་སློབ་ཁང་གི་སྐུ་ཞབས་Thomas Cushman ཞུ་བས་ཁུང་རྩི་ལྟེ་གནས་ཁང་ཅེས་པའི་ལས་དོན་འདི་བཞིན་རྒྱ་ནག་གཞུང་གིས་ཞི་འཇམ་ཐོག་ནས་ནུབ་ཕྱོགས་ཡུལ་ཁག་ནང་རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐབས་ཇུས་ཞིག་ཡིན་པ་གསུངས་གནང་འདུག གྲོས་ཚོགས་ཀྱི་ཉན་ཞིབ་མཇུག་བསྒྲིལ་སྐབས་ གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Chris Smith མཆོག་ནས་ཨ་རིའི་མཐོ་རིམ་སློབ་གཉེར་ཁང་དང་གཙུག་ལག་སློབ་གཉེར་ཁང་ཚོས་ཁུང་ཙི་ལྟེ་གནས་ཁང་ཅེས་པའི་བཟུང་འབྲེལ་གྱི་ལས་དོན་བརྒྱུད་ཨ་རིའི་ནང་ཤེས་ཡོན་གྱི་རང་དབང་ལ་ཚོད་འཛིན་བྱེད་མིན་དང་། ཁུང་ཙི་ལྟེ་གནས་ཁང་གི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་དང་ལས་དོན་ལག་བསྟར་བྱ་ཕྱོགས་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་མཁྱེན་རྟོགས་སླད་རང་དབང་ལྡན་པའི་ཨ་རིའི་གྲོས་ཚོགས་ཀྱི་ཞིབ་འཇུག་སྡེ་ཚན་ནས་ཞིབ་འཇུག་བཀོད་ཁྱབ་གནང་རྒྱུ་ཡིན་པ་གསུངས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།