རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་རི་ལིའི་ལྕགས་ལམ་གསར་འཛུཌ།

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་ལོ་གཉིས་ནང་ཚུད་ལ་རི་ལིའི་ལྕགས་ལམ་གསར་པ་ཆ་ཚང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་རི་ལིའི་ལྕགས་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཨ་རིའི་ཌོ་ལར་ཐེར་འབུམ་༧༣༠ལྷག་འགྲོ་གྲོན་གཏང་རྒྱུ་དང་རི་ལིའི་ལྕགས་ལམ་དེ་རྣམས་ཕྱི་ལོ་༢༠༢༠ནང་ཚུད་ལ་ཆ་ཚང་འཛུགས་སྐྲུན་ཟིན་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་གི་བདུན་རེའི་གསར་འགྱུར་དཔྱད་གཏམ་གྱི་ནང་དུ་རྒྱ་ནག་གི་རི་ལིའི་བློན་ཆེན་གཞོན་པ་ལུའུ་ཏུང་ཕུ་ཡིས་རི་ལིའི་ལྕགས་ལམ་གསར་པ་འཛུགས་སྐྲུན་གྱི་ལས་གཞི་དེ་ཡིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོང་རྒྱུ་དང་ད་ལྟའི་འགྲིམས་འགྲུལ་སྟབས་བདེ་མེད་པའི་དཀའ་ངལ་སེལ་རྒྱུ་ལྷག་པར་དུ་མི་དམངས་ས་ཡ་དྲུག་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་རྒྱུ་ཡིན་པ་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་ཀྱང་དཔྱད་གཏམ་དེའི་ནང་དུ་རི་ལིའི་ལྕགས་ལམ་གསར་པ་དེའི་ཐོག་མ་རྩ་འཛུགས་འཇོག་བྱེད་མཁན་གསར་པ་ག་ཚོས་བྱུང་ཡོད་མེད་དང་ད་ལྟ་བར་རྒྱ་ནག་དབུས་གཞུང་ནས་འགྲོ་གྲོན་ག་ཚོད་ཙམ་ཆོག་མཆན་ཐོབ་ཡོད་མེད་སྐོར་གང་ཡང་བཤད་མེད་པ་རེད། རི་ལིའི་ལྕགས་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་དེའི་ནང་གཙོ་བོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་འགྲིམས་འགྲུལ་སྟབས་བདེ་རུ་གཏང་རྒྱུ་དང་དེ་བཞིན་ནང་སོག་དང་ཧྲན་ཞི་ཞིང་ཆེན་སོགས་རྒྱ་ནག་གི་ས་ཁུལ་ཁག་ནང་རྡོ་སོལ་འོར་འདྲེན་བྱས་ཏེ་ནུས་ཤུགས་འཁོ་འདོན་ཕན་རླབས་སྐྲུན་ཐུབ་རྒྱུ་ཡིན་པ་མ་ཟད་དང་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་དེང་སྐབས་རྒྱ་ནག་གི་དངོས་ཟོག་ཡོ་རོབ་དང་བྱང་ཨ་མི་རི་ཀའི་ནང་ཕྱིར་ཚོང་གི་བྱ་གཞག་ཉམས་རྒུད་ཕྱིན་པར་བརྟེན་ནས་རྒྱལ་ནང་གི་དངོས་ཟོག་མངའ་ཉོའི་བྱ་གཞག་གོང་འཕེལ་གཏོང་ཐབས་དང་ལས་མེད་མང་པོ་ཞིག་ལ་ལས་ཀའི་གོ་སྐབས་སྐྲུན་ཏེ་ལས་བཟོ་བའི་ཟང་ཟིག་གི་དོན་རྐྱེན་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་ཐོགས་སྐྲུན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད༎