༄༅༎བོད་ཨ་མདོ་བླ་བྲང་བཀྲིས་འཁྱིལ་དགོན་པར་རྒྱ་ནག་གཞུང་གི་བསྐོ་བཞག་བྱས་པའི་པན་ཆེན་རིན་པོ་ཆེའི་གཟིགས་བསྐོར་ཕེབས་རྒྱུའི་སྔོན་ཚུད་དུ་བླ་བྲང་ས་གནས་ནང་རྒྱ་མིའི་བདེ་འཇགས་མི་སྣ་འཕོན་ཆེ་འགྲེམས་འཇོག་བྱས་ཏེ་ཧ་ཅང་གི་སྲུང་བྱ་དམ་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཕེརན་སི་གསར་འགྱུར་ལས་ཁང་གིས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདོན་སྤེལ་བྱས་པའི་གནས་ཚུལ་ལུང་འདྲེན་བྱས་པར་བཞིགས་ན་ རྒྱ་ནག་གཞུང་གིས་ངོས་འཛིན་དང་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་ཚན་ནོར་བུ་ཞུ་བ་དེ་ཉིན་ཤས་ནང་ཚུད་ཨ་མདོ་བླ་བྲང་བཀྲིས་འཁྱིལ་དགོན་པར་གཟིགས་སྐོར་སྐྱོད་འཆར་ཡོད་པ་དང་ གཟིགས་སྐོར་གྱི་སྔོན་ཚུད་དུ་ས་གནས་རྒྱ་ནག་གཞུང་གིས་ བླ་བྲང་ཁུལ་དུ་བདེ་འཇགས་ཀྱི་དོ་དམ་ཤུགས་ཆེ་བཀོད་སྡོམ་བྱེད་བཞིན་པ་མ་ཟད་ ས་གནས་ནང་ཡོད་པའི་ཕྱི་རྒྱལ་བ་རྣམས་ཕྱིར་ཐོན་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག་ བླ་བྲང་བཀྲིས་འཁྱིལ་དགོན་པ་དེའི་ནང་རྒྱ་ནག་གིས་བསྐོ་བཞག་བྱས་པའི་པན་ཆེན་གྱི་གཟིགས་སྐོར་ཕེབས་རྒྱུ་དེར་ས་གནས་བོད་མི་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་དང་དགའ་བསུ་ཞུ་རྒྱུའི་འདོད་པ་མེད་ལ་ ལོ་རྒྱུས་ཀྱི་ཐོག་ནས་ཀྱང་པན་ཆེན་རྒྱལ་ཚན་ནོར་བུས་བླ་བྲང་དགོན་པར་གཟིགས་སྐོར་སྐྱོད་དགོས་དོན་མེད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་བསྒྲགས་ནང་མུ་མཐུད་གསལ་འདོན་གནང་བཞག ཕེརན་སི་གསར་ལས་ཁང་གིས་བླ་བྲང་ཁུལ་གྱི་ས་གནས་ཡུལ་མི་ཁག་ལ་ཞལ་པར་བརྒྱུད་གནས་སྟངས་འདྲི་རྩད་བྱས་པར་བླ་བྲང་དགོན་པའི་ཉེ་འགྲམ་དུ་ཡོད་པའི་མགྲོན་ཁང་གི་སྦྱིན་བདག་ཞིག་ནས་ བླ་བྲང་གྲོང་ཁྱེར་གྱི་ལམ་གཞུང་སྟོང་པ་ཆགས་ཡོད་པ་དང་ ཉེན་རྟོག་མི་སྣས་ཕྱི་དྲོའི་དུས་ཚོད་བར་ཕར་འགྲོ་ཚུ་འོང་བཀག་སྡོམ་བྱས་ཤིང་ གཞུང་ལམ་གྱི་ཕྱོགས་གང་སར་ཉེན་རྟོག་མི་སྣ་འགྲེམས་འཇོག་བྱས་ཡོད་པའི་གནས་ལུགས་ངོ་སྤྲོད་བྱས་འདུག གཞན་ཡང་རྒྱ་ནག་གི་བསྐོ་བཞག་བྱས་པའི་པན་ཆེན་གྱི་གཟིགས་སྐོར་དང་འབྲེལ་ས་གནས་ནང་དམ་བསྒྲཌ་ཀྱི་གནས་སྟངས་ལ་གཞིགས་ན་ བླ་གྲང་དགོན་པ་དེ་བཞིན་དུས་རྒྱུན་ཀན་སུའུ་ཞིང་ཆེན་ནང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཞིག་ཡིན་རུང་ ད་ཆ་པན་ཆེན་རྒྱལ་ཚན་ནོར་བུ་ཟེར་བའི་གཟིགས་སྐོར་གྱི་སྔོན་ཚུད་དུ་ ཕྱི་ཟླ་འདིའི་ཚེས་༡༧བར་བླ་བྲང་དགོན་པར་ཡུལ་སྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་ལུགས་སྐོར་ས་གནས་ཀྱི་འགྲིམ་འགྲུལ་ལས་ཁང་གི་ལས་བྱེད་པ་ཞིག་ནས་ཕེརན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་འདུག་༎