རྒྱ་ནག་བཟོ་གྲ་ནས་ཕྲུ་གུ་༢༠༠ལྷག་ལ་ཞ་ཉེའི་དུག་རྗས་ཕོག
2011.01.06
༄༅༎ཉེ་བའི་ཆར་རྒྱ་ནག་གི་བཟོ་གྲ་ཁག་ནས་དུག་རྗས་ཀྱི་གནས་ཚུལ་ཇེ་མང་ཐོན་བཞིན་པའི་གང་སླར་ཡང་རྒྱ་ནག་གི་གློག་རྗས་བཟོ་གྲ་ཞིག་ནས་ཕྲུ་གུ་༢༠༠ལྷག་ལ་ཞ་ཉེའི་དུག་རྗས་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག་༎
རྒྱ་ནག་གི་ཨན་ཧུའེ་ཞིང་ཆེན་ནང་ཕྲུ་གུ་མང་པོའི་ལུས་ཁྲག་ནང་ཞ་ཉེའི་ལྷད་ཡོད་པའི་དོག་གཞིའི་གནས་ཚུལ་བྱུང་རྗེས་ཟླ་བ་སྔོན་མ་ཕྲུ་གུ་༢༨༠ར་འཕྲོད་བསྟེན་གྱི་བརྟག་དཔྱད་བྱས་པའི་ཞིབ་འཇུག་ནང་ཕྲུ་གུ་༢༠༠འི་ལུས་ཁྲག་ནང་ཞ་ཉེའི་དུག་རྗས་ཡོད་པ་ར་འཕྲོས་གསལ་འདོན་བྱུང་ཡོད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་གནས་ཚུལ་ནང་བཀོད་ཡོད་པ་རེད་
གོང་གསལ་གསར་ལས་ཁང་གིས་བརྗོད་དོན་ལྟར་ན་ཞ་ཉེའི་དུག་རྗས་ཀྱི་ཡོངས་ཁུངས་དེ་བཞིན་ཨན་ཧུའེ་ཞིང་ཆེན་གྱི་གའོ་ཧེ་ཞེས་པའི་གྲོང་ཁྱེར་ནང་གློག་རྗས་ཀྱི་བཟོ་གྲ་གཉིས་ནས་ཡིན་པ་དང་ དུག་རྗས་ཀྱི་གནས་ཚུལ་ར་འཕྲོས་བྱུང་རྗེས་ས་གནས་གཞུང་གིས་བཟོ་གྲ་དེ་གཉིས་སྒོ་རྒྱབ་ཏུ་བཅུག་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག ཞ་ཉེའི་དུག་རྗས་ཕོག་པའི་ཕྲུ་གུའི་ཁོངས་སུ་ཕྲུ་གུ་དགའ་ཤས་ཟླ་བ་ཁ་ཤས་ཀྱང་མ་ཟིན་པའི་ཕྲུ་གུ་ཡོད་འདུག་ལ་ས་གནས་ཀྱི་མང་མང་ངོས་ནས་ཀྱང་ཞ་ཉེའི་དུག་རྗས་ཀྱི་ཡོངས་ཁུངས་དེ་གློག་རྗས་ཀྱི་བཟོ་གྲ་ནས་ཡིན་པ་ཡིད་ཆེས་གསལ་པོ་ཡོད་པ་རེད་ གོང་གསལ་གའོ་ཧེ་གྲོང་ཁྱེར་ནང་གནས་སྡོད་བྱེད་མཁན་ཅིའང་ཕེང་ཟེར་བའི་བེུད་ཅིག་གིས་བརྗོད་དོན་དུ་ཟླ་བ་ཁ་ཤས་ལས་མ་ལོན་པའི་ཁོ་པའི་བོུ་དེ་གའོ་ཧེ་གྲོང་ཁྱེ་ནང་གནས་སྤོ་མ་བྱས་གོང་ཧུ་ནན་ཞིང་ཆེན་གྱི་ཀྲང་ཤ་གྲོང་ཁྱེར་སྡོད་སྐབས་འཕྲོད་བསྟེན་གྱི་དཀའ་ངལ་གང་ཡང་མེད་པ་དང་ རྗེས་སུ་གའོ་ཧེ་གྲོང་ཁྱེར་ནང་འབྱོར་སྐབས་དུས་ཚུད་ཐུང་ངུ་ཞིག་ནང་ལམ་སེང་ཞ་ཉེའི་དུག་རྗས་ཕོགས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག་༎