༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཀྱི་ངན་སྤྱོད་དེ་རིགས་སྤེལ་མཁན་གང་ན་སུ་ཡོད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གདོང་ལེན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

ཕྱི་ཟླ་ ༩ ཚེས་ ༢༤ ཉིན་གྱི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་དང་བདེ་སྲུང་དྲུང་ཆེ། ནང་སྲིད་དང་ཕྱི་དྲིལ་དྲུང་ཆེ། དེ་བཞིན་ཕྱི་དྲིལ་དྲུང་འཕར་བཅས་ལས་གྲུབ་པའི་བོད་མི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་གིས། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ཏུ། ཨའོསི་ཊརེ་ལི་ཡའི་ལྷོ་ཕྱོགས་ས་ཁུལ་ཨེཌེ་ལེཊི་ (Adelaide) ས་གནས་སུ་གནས་སྡོད་བྱེད་མཁན་མིང་ལ་སེང་གེ་དང་དྲྭ་མིང་ལ་གངས་སེང་ཟེར་མཁན་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨད་ཞུས་པའི་བརྙན་ཐུང་སྤེལ་ཡོད་པ་དང་འབྲེལ་ཡོངས་ཁྱབ་གཞེན་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། དེའི་ནང་། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ནང་། ཨའོསི་ཊརེ་ལི་ཡར་གནས་སྡོད་བྱེད་མཁན་མིང་ལ་སེང་གེ་དང་དྲྭ་མིང་ལ་གངས་སེང་ཟེར་མཁན་དེ་ནི། དེ་སྔ་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་འབྱོར་རྗེས་ཕྱི་ལོ་ ༢༠༠༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཨའོསི་ཊརེ་ལི་ཡར་གཞིས་སྤོའི་ལས་གཞིའི་ཁོངས་ཨའོསི་ཊརེ་ལི་ཡར་འགྲོ་རྒྱུའི་གོ་སྐབས་ཐོབ་ཡོད་མཁན་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་སྦྲགས། ཉེ་ལམ་ཁོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨད་དང་བོད་མིའི་སྤྱི་ཚོགས་འཁྲུག་གཞིའི་གཏམ་འཆལ་འདྲ་མིན་སྤེལ་བཞིན་པ་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རེ་བའི་མིག་འབུར་གཏོད་མཁན་གྱི་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་དང་། དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་ཚོར་སེམས་འཚབ་ཆེན་པོ་བཟོས་ཡོད་པ་དང་། གཏམ་སྤྱོད་དེ་རིགས་ནི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་གང་ཞིག་ལ་འབྲེལ་བ་བཏགས་མིན་ལ་མ་ལྟོས་པར། ལམ་གོལ་དུ་ཕྱིན་པའི་མཚང་རྟགས་དམར་རྗེན་དུ་ཐོན་པ་ཞིག་ཡིན་པ་མ་ཟད། ནག་ཉེས་ཁྲིམས་འགལ་ལ་ངན་སྐུལ་དང་སྡིགས་སྐུལ་བྱེད་པ་ཞིག་ཀྱང་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱིས་ངན་སྤྱོད་དེ་རིགས་སྤེལ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་གདོང་ལེན་བྱ་རྒྱུ་ཡིན་ཞེས་གསུངས་སོང་།
དེ་བཞིན་རྒྱ་ཆེའི་མང་ཚོགས་ནས་མི་དེ་ལྟ་བུའི་དཀྲོག་གཏམ་དང་དཀྲུགས་ཤིང་བྱས་པར་བརྟེན་ནས་སྤྱི་ཚོགས་ནང་ཟིང་ལོང་བཟོ་རྒྱུའི་དམིགས་དོན་མི་འགྲུབ་པ་བཟོ་ཆེད། གཞི་མེད་གཏམ་འཆལ་དེ་རིགས་ལ་ལྟ་ཉན་བྱ་རྒྱུ་མེད་པ་མ་ཟད། སྤྱི་ཚོགས་དྲྭ་རྒྱའི་ཚོགས་པ་སོགས་གང་དུའང་སྤེལ་འཇོག་དང་བརྒྱུད་བསྐུར་མི་བྱ་རྒྱུའི་གཞེན་སྐུལ་གནང་སོང་།
གཞན་ཡང་ཕྱི་ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོར་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཐུན་མོང་གིས་ཀྱང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། མི་ངན་སེང་གེ་ཟེར་བ་དེས་སྤེལ་བའི་བྱ་ངན་ལ་དབུས་བོད་མི་སྒྲིག་འཛུགས་གཙོས་འབྲེལ་ཡོད་ཁག་ནས་ཁྲིམས་གཏུགས་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་། ཁྲིམས་གཏུགས་སོགས་ལས་འགུལ་གང་སྤེལ་བ་ཡིན་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱད་ཀྱིས་ཕྱྭཪ་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།