བོད་དོན་ལས་འགུལ་བ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ ༡༥ ཙམ་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག

2024.07.10
བོད་དོན་ལས་འགུལ་བ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་ ༡༥ ཙམ་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག ཨའོསི་ཊརེ་ལི་ཡ་གྲོས་ཚོགས་གོང་མའི་འཐུས་མི་ Dean Smith ལགས་དང་མཇལ་འཕྲད་སྐབས། ༢༠༢༤།༠༧།༠༥ ཉིན།
Australia Tibet Council

ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡ ནས་འགོ་འཛུགས་ཀྱིས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཚོགས་མི་འབུམ་རམས་པ་རྒྱལ་ལོ་ལགས། བོད་མི་མང་སྤྱི་འཐུས་སྲིད་ཐར་བློ་བཟང་རྒྱ་མཚོ་ལགས་དང་རྡ་རྗེ་ཕུན་ཚོགས་ལགས་བཅས་ནས། ཨའོསི་ཊརེ་ལི་ཡ་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Lidia Thrope ལགས། སྐུ་ཞབས་ Dean Smith ལགས། དེ་བཞིན་སྐུ་ཞབས་ James Patterson ལགས་སོགས་གཙོས་པའི་ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མི་བཅོ་ལྔ་ཙམ་ལ་མཇལ་འཕྲད་ཀྱིས། བོད་ནང་གི་གཏན་འཇགས་སློབ་གྲྭའི་གནས་སྟངས་སོགས་ཀྱི་སྐོར་ཞུ་གཏུག་གནང་ཡོད་པ། འབུམ་རམ་པ་རྒྱལ་ལོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཨའོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་ནི་ཨའོསི་ཊརེ་ལི་ཡའི་ནང་རྟེན་གཞི་བྱས་པའི་ཨོ་གླིང་བོད་དོན་ལས་འགུལ་ཁང་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་བྱེད་སྤྱི་འཐུས་སྲིད་ཐར་བློ་བཟང་རྒྱ་མཚོ་ལགས་དང་རྡོ་རྗེ་ཕུན་ཚོགས་ལགས་རྣམ་གཉིས་ནས། རྒྱ་ནག་གཞུང་གིས་དྲ་ཐོག་བརྒྱུད་རྒྱལ་མཚམས་བརྒལ་བའི་མནར་གཅོད་གཏོང་ཚུལ་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་གསུངས་བྱུང་།

ཐེངས་འདིའི་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་བཞིན་ཉིན་གྲངས་བཅུ་གཅིག་རིང་གནང་ཡོད་ཅིང་། ཁོང་རྣམས་ནས་ཨའོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་ Penny Wong ལགས་ཀྱི་སློབ་སྟོན་པ་ཚོར་མཇལ་འཕྲད་གནང་ཡོད་པ་དང་། ཨའོསི་ཊརེ་ལི་ཡའི་ཕྱི་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Bronte Moules ལགས་ཀྱང་མཇལ་འཕྲད་གནང་འདུག རིང་མིན་བོད་དོན་ལས་འགུལ་བ་འབུམ་རམས་པ་རྒྱལ་ལོ་ལགས་ཉི་ཧོང་དུ་བོད་དོན་ཞུ་གཏུག་ཆེད་ཕེབས་འཆར་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎