འབར་མའི་ནང་གི་དྲག་པོའི་འཐབ་རྩོད་ལ་བློ་འཚབ།

འབར་མའི་དམངས་གཙོའི་དབུ་ཁྲིད་ཀྱིས་ཡུལ་ནང་གི་དྲག་པོའི་འཐབ་རྩོད་དེ་དག་གིས་རྒྱལ་ཁབ་ཆིག་སྒྲིལ་ལ་འགོག་རྐྱེན་དུ་འགྱུར་སྲིད་པའི་བློ་འཚབ།

༄༅༎འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ཡིས། ཁོང་གི་རྒྱལ་ཁབ་ནང་འཕྲད་བཞིན་པའི་དྲག་པོའི་འཐབ་རྩོད་དེ་དག་གིས་རྒྱལ་ཁབ་ཆིག་སྒྲིལ་ལ་འགོག་རྐྱེན་དུ་འགྱུར་སྲིད་པའི་བློ་འཚབ་གནང་གི་ཡོད་པ་རེད།
དེ་ཡང་རེས་གཟའ་ཟླ་བའི་ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ཡིས་ལྷོ་ཨ་ཕེ་རི་ཀའི་ཇོ་ཧན་སི་སྦག་གཙུག་ལག་སློབ་གྲའི་མི་སྣ་ཁག་ཅིག་ལྷན་དུ་བརྙན་འཕྲིན་བརྒྱུད་འདྲི་བ་འདྲི་ལན་གནང་བའི་སྐབས། ཉེ་ཆར་ཁོང་གི་རྒྱལ་ཁབ་ནང་དྲག་པོའི་དོན་རྐྱེན་བྱུང་བ་དེ་ཡིས། འབར་མའི་རྒྱལ་ཁབ་ནང་དམངས་གཙོ་དང་ཆིག་སྒྲིལ་གྱི་གྲུབ་འབྲས་སོན་རྒྱུར་དཀའ་ཚེགས་ཇི་ཙམ་ཡོད་པའི་རྣམ་པ་མཚོན་པ་ཞིག་ཡིན་པ་དང། འོན་ཀྱང་ང་ཚོའི་ངོས་ནས་འབར་མའི་མི་དམངས་ཀྱིས་དམངས་གཙོར་ཡིད་ཆེས་དང་བསམ་བློ་ལྡན་པའི་ཐོག་ནས་དངོས་ཡོད་ཀྱི་ཆིག་སྒྲིལ་ཞིག་ཡོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད། ད་དུང་ཁོང་གིས་ལྷོ་ཨ་ཕེ་རི་ཀས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལམ་ལུགས་ཕམ་ཉེས་བཏང་བ་དེར་ཡིད་སྨོན་ཆེན་པོ་གནང་གི་ཡོད་པ་དང༌། ཁོང་གི་འབར་མའི་རྒྱལ་ཁབ་དེ་ཡང་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་འཐབ་རྩོད་དེར་རྒྱལ་ཁ་ཐོབ་པའི་ཐག་གཅོད་བྱེད་དགོས་པ་ཡིན་ཞིང༌། ང་ཚོ་དེ་མུར་སྡོད་ཐབས་མེད་པར་ང་ཚོར་ག་རེ་དགོས་པའི་དམིགས་ཡུལ་དེ་གྲུབ་པའི་བྱ་སྤྱོད་ལག་བསྟར་བྱ་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད། ཁོང་ལ་བརྙན་འཕྲིན་བརྒྱུད་བཀའ་འདྲི་ཞུ་མཁན་གྱི་གཙུག་ལག་སློབ་གྲ་དེ་ནི་ལྷོ་ཨ་ཕེ་རི་ཀའི་གཙུག་ལག་སློབ་གྲ་ཞིག་ཡིན་ཞིང༌། ལྷོ་ཨ་ཕེ་རི་ཀའི་ནང་ལྕམ་ཨོང་སན་སུའུ་ཆི་མཆོག་གི་དམངས་གཙོའི་ལས་དོན་ལ་དུས་ཡུན་རིང་པོ་ནས་རྒྱབ་སྐྱོར་གནང་མཁན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སེན་མན་ཌེ་ལ་དང༌། ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་རྣམ་གཉིས་ཡོད་པ་རེད། ལྕམ་ཨོང་སན་སུའུ་ཆི་འབར་མ་དྲག་པོའི་གཞུང་གིས་མི་ལོ་བཅུ་ཕྲག་འགའ་ཤས་རིང་ཁོང་གི་ཁྱིམ་ཚང་ནས་འགྲོ་འོང་གི་རང་དབང་མ་སྤྲད་པར་བཟང་བཙོན་དུ་དོ་དམ་བྱས་པའི་རྗེས། བར་ལམ་ཞིག་ནས་གློད་འགྲོལ་བཏང་སྟེ་ལོ་གཅིག་ཙམ་འགྲོ་གི་ཡོད་ཀྱང་ཁོང་ལ་རང་དབང་ཆ་ཚང་བ་ཞིག་མེད་པའི་རྣམ་པ་མུ་མཐུད་ཡོད་པ་ནི། ལོ་གཅིག་དེའི་ནང་ཧོང་ཀོང་དང་ཨ་མི་རི་ཀའི་མི་རིགས་ཁ་ཤས་ཤིག་ལས་ཐུག་འཕྲད་བྱེད་དུ་བཅུག་ཡོད་པ་མ་རེད།