༄༅༎འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གིས་འབར་མའི་ནང་དམངས་གཙོ་ངེས་པར་དུ་སླར་གསོ་ཐུབ་རྒྱུ་ཡིན་སྐོར་གསུངས་འདུག།
ལྕམ་སུ་ཅི་མཆོག་ལ་དབྱིན་ཇིའི་བི་བི་སི་གསར་ལས་ཁང་གིས་གནས་འདྲི་ཞུས་པའི་སྐབས། ཁོང་གིས་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ངོས་ནས་འཚེ་མེད་ཞི་བའི་ལམ་ནས་འབར་མའི་ནང་དམངས་གཙོའི་ཅཅོས་སྒྱུར་ཡོང་ཐབས་གནང་རྒྱུ་ཡིན་པ་ལས་། དྲག་པོའི་སྲིད་གཞུང་ལ་ཕམ་ཉེས་གཏོང་རྒྱུའི་འཆར་གཞི་མེད་ཅེས་གསུངས་འདུག།
ཡང་ལྕམ་སུ་ཅི་ཡིས་རྒྱལ་ཁབ་ཀྱི་དྲག་པོའི་དཔུང་དམག་སྲ་བརྟན་དགོས་རྒྱུ་གལ་ཆེན་ཡིན་ནའང༌། ཡུལ་ནང་གི་མི་མང་ཚོའི་རེ་བ་ནི་བདེ་འཇགས་བསྲ་བརྟན་དང་འཚོ་བ་དེ་བསྐྱིད་ལྡན་པའི་ཐོག་ནས་བསྐྱལ་ཐུབ་ཐབས་བྱེད་ཀྱི་ཡོད་སྟབས། དེ་ལྟར་ཡོང་རྒྱུར་རང་དབང་ནི་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་ཞིག་རེད་ཅེས་གསུངས་བཞག། རྩ་བའི་ཆ་ནས་ཁོང་གི་རང་དབང་ཐོག་དམིགས་བསལ་དམ་དྲག་གི་ཆ་རྐྱེན་བཟོས་མེད་ནའང༌། ཁོང་གིས་ཕྱག་ལས་དང་བཀའ་མོལ་གནང་ཕྱོགས་ཀྱི་ཐོག་ནས་སླར་ཡང་དྲག་པོའི་གཞུང་གིས་དམ་དྲག་དང་འཛིན་བཟུང་ཞུས་པ་ཡིན་ན། དེར་གདོང་ལེན་གནང་རྒྱུར་གྲ་སྒྲིགས་ཨང་སར་ཡོད་ཅེས་ལྕམ་ཨོང་སན་སུ་ཅི་ཡིས་གསུངས་འདུག།