ལྕམ་ཨང་སན་སུ་ཆིས་གཞུང་གི་བློན་ཆེན་དང་མཇལ་འཕྲད།
2011.07.25
༄༅༎འབར་མའི་དམངས་གཙོའི་དབུ་འཁྲིད་ལྕམ་ཨང་སན་སུ་ཆི་མཆོག་གིས་འབར་མའི་གཞུང་གི་བློན་ཆེན་ཞིག་དང་མཇལ་མོལ་གནང་བ་དེས་ཕྱོགས་ཕན་ཚུན་བར་འབྲེལ་བ་ཟབ་ཏུ་འགྲོ་བའི་མངོན་རྟགས་ཤིག་ཆགས་ཡོད་པ་རེད་
ལྕམ་ཨང་སན་སུ་ཆི་མཆོག་ལ་འབར་མའི་ངལ་རྩོལ་ལས་དོན་བློན་ཆེན་ཨང་ཀི་དང་མཇལ་མོལ་དེ་རེས་གཟའ་ཉི་མའི་ཉིན་མ་གཏོགས་ལན་གསལ་བྱས་མེད་པ་དང་ཁོང་རྣམ་གཉིས་བར་གྱི་མཇལ་མོལ་དེ་ཆུ་ཚོད་གཅིག་རིང་གནང་ཡོད་པ་རེད་ ཕྱོགས་གཉིས་ཀྱིས་ཟུང་འབྲེལ་ཐོག་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་ད་ཐེངས་ཀྱི་དབུ་འཁྲིད་རྣམ་པའི་མཇལ་མོལ་དེ་ཕྱོགས་གཉིས་ཀར་ཡག་པོ་ཞིག་དང་ཐུགས་བློ་ཁེང་པ་ཞིག་བྱུང་སྐོར་དང་ཕན་ཚུན་གྱི་གྲོས་མོལ་དེའི་ནང་འབར་མའི་མི་མང་ལ་ཁེ་ཕན་འབྱུང་ཐབས་སྐོར་གྲོས་མོལ་གནང་ཡོད་སྐོར་གསུང་འདུག ལྕམ་ཨང་སན་སུ་ཆི་མཆོག་གི་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ནིཡེན་ལྦིན་ཡིས་འབར་མའི་ནང་སྲིད་དོན་གྱི་འཁོར་ཡུག་དེར་འགྱུར་བ་ཕྱིན་ཡོད་པ་དང་གཞུང་ཕྱོགས་ནས་ཨང་སན་མཆོག་མཇལ་མོལ་གནང་རྒྱུར་གདན་འདྲེན་ཞུས་པ་དེས་ཡར་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཀྱི་ཡོད་སྐོར་གསུང་འདུག འབར་མའི་ངལ་རྩོལ་ལས་དོན་བློན་ཆེན་ནིཡེན་ལྦིན་ཡིས་ལྕམ་ཨན་སན་སུ་ཆི་མཆོག་བཟང་བཙོན་གྱི་གནས་བབ་འོག་ཡོད་སྐབས་མཇལ་འཕྲད་གནང་མྱོང་ཡོད་པ་དང་ཁོང་གིས་ད་ཐེངས་ཀྱི་མཇལ་མོལ་དེས་མ་འོངས་པར་གྲུབ་འབྲས་ཐོན་པ་ཞིག་ཡོང་རྒྱུ་ཡིན་སྐོར་གསུང་འདུག གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་འབར་མའི་གཞུང་གིས་ལྕམ་ཨང་སན་སུ་ཆི་མཆོག་ལ་སྡང་ཟུག་བྱས་པ་ཡིན་ན་ནུབ་ཕྱོགས་ཡུལ་ཁག་ཚོས་འབར་མར་བཀལ་བའི་དཔལ་འབྱོར་གྱི་ཉེས་ཆད་དེ་མེད་པ་མི་བཟོ་བའི་ཉེན་ཁ་མཐོང་གི་ཡོད་སྐོར་དང་ལྕམ་ཨང་སན་སུ་ཆི་མཆོག་དང་གྲོས་མོལ་གནང་བ་ཡིན་ན་ཕྱོགས་ཕན་ཚུན་འགྲིག་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་བཏོན་རྒྱུའི་ཆེད་ཡང་ཡིན་སྐོར་དཔྱད་པ་གནང་ཡོད་པ་རེད་