ཨ་ཕྲུག་བློ་སྤོ་ལགས་བཙོན་འཇུག་དུས་བཀག་ཚང་ནས་གློད་བཀྲོལ་བཏང་བ།
2017.08.22

༄༅། །ལི་ཐང་དགོན་ཆེན་གྱི་དབུ་མཛད་ཟུར་པ་ཨ་ཕྲུག་བློ་སྤོ་ལགས་ལོ་བཅུའི་བཙོན་འཇུག་དུས་བཀག་ཟིན་ནས་གློད་བཀྲོལ་བཏང་ཡོད་འདུག སྐུ་ཞབས་ཨ་ཕྲུག་བློ་སྤོ་་ལགས་ད་ལོ་ཕྱི་ཟླ་བརྒྱད་པའི་ཚེས་༢༡མཚན་མོ་བཙོན་འཇུག་དུས་བཀག་བཙང་ཏེ་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཁོང་རང་ཁྱིམ་དུ་འབྱོར་བའི་སྐབས་དགའ་བསུ་དང་སྣེ་ལེན་རིགས་ཞུ་མི་ཆོག་པ་ས་གནས་མི་མང་ཚོར་བཙན་བཀའ་བཏང་ཡོད་པའི་སྐོར་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཡོད་མཁན་ཞིག་གིས་འདི་ག་རླུང་ཕྲིན་ཁང་ལ་བརྗོད་གནང་འདུག གནས་ཚུལ་ངོ་སྤྲོད་གནང་མཁན་དེས་གསུངས་པར་གཞིགས་ན་ ཁོང་བཙོན་འཇུག་བྱེད་སའི་ཟི་ཁྲོན་མན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ་ནག་ཆུ་རྫོང་དུ་ཉིན་ཤས་བཀག་ཉར་བྱས་ནས། ཕྱི་ཚེས་༢༡ཉིན་གྱི་མཚན་མོ་ཁོང་གཞུང་གི་ལས་བྱེད་པས་རང་ཁྱིམ་དུ་བསྐྱེལ་ཡོད་པ་དང་ས་གནས་མི་མང་ཚོས་ཁོང་ལ་དགའ་བསུའི་རིགས་ཞུ་རྒྱུར་འགོག་ཐབས་ཆེད་རང་ཁྱིམ་དུ་མཚན་མོ་བསྐྱེལ་བ་ཡིན་པ་ཚོད་དཔག་གནང་གི་ཡོད་འདུག སྐུ་ཞབས་ཨ་ཕྲུག་བློ་སྤོ་ལགས་ཀྱིས་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པ་སོགས་ཀྱི་ཉེས་བཙུགས་འོག་ཉིས་སྟོང་བདུན་ལོའི་ཕྱི་ཟླ་བདུན་པའི་ནང་ཁོང་གི་ཨ་ཁུ་རོང་རྒྱས་ཨ་གྲགས་ལགས་འཛིན་བཟུང་བཙོན་འཇུག་བྱས་རྗེས། བློ་སྤོང་ལགས་འཛིན་བཟུང་དང་དུས་ཡུན་ལོ་བཅུའི་ཁྲིམས་ཐག་བཅད་ནས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་མན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།།
གསར་འགོད་པ་འཆི་མེད།