ཕྱི་ཕྱོགས་ཀྱི་པར་བསྐྲུན་ཁང་མང་པོས་རྒྱ་ནག་ལ་བསྟུན་མཁས་བྱེད་བཞིན་པ།


2017.08.24
ཕྱི་ཕྱོགས་ཀྱི་པར་བསྐྲུན་ཁང་མང་པོས་རྒྱ་ནག་ལ་བསྟུན་མཁས་བྱེད་བཞིན་པ། ༢༠༡༧།༨།༢༣། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་པེ་ཅིང་རྒྱལ་སྤྱིའི་དེབ་ཚོང་ཁྲོམ་ར་སྒོ་འབྱེད་སྐབས།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གཞུང་གི་གསར་ཤོག་དང་དཔར་བསྐྲུན་དོ་དམ་ལས་ཁང་གིས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་Cambridge གཙུག་ལག་སློབ་གྲྭའི་པར་བསྐྲུན་ཁང་གི་དྲ་རྒྱའི་ཐོག་རྒྱ་ནག་དང་འབྲེལ་བའི་ཨེ་ཤེ་ཡའི་རིག་གནས་ཕྱོགས་བསྡུས་ཀྱི་རྩོམ་ཡིག་གསུམ་བརྒྱ་ཙམ་ཕྱིར་བསྡུ་བྱེད་དགོས་པའི་གནོན་ཤུགས་སྤྲད་པའི་དོན་རྐྱེན་ལ་བརྟེན་ནས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་པེ་ཅིང་རྒྱལ་སྤྱིའི་དེབ་ཚོང་ཁྲོམ་ར་སྒོ་འབྱེད་སྐབས། ཕྱི་ཕྱོགས་ཀྱི་པར་བསྐྲུན་ཁང་མང་པོས་རྒྱ་ནག་གཞུང་ལ་ཕོག་ཐུག་གི་དེབ་རིགས་ཁག་རང་མོས་ཀྱི་འགྲེམས་སྤེལ་མཚམས་འཇོག་བྱེད་བཞིན་ཡོད་པའི་སྐོར་ཕེརན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག༎
ཉེ་སྔོན་རྒྱ་ནག་གཞུང་ནས དབྱིན་ཡུལ་གྱི་Cambridge གཙུག་ལག་སློབ་གཉེར་ཁང་གི་པར་བསྐྲུན་ཁང་གི་དྲ་རྒྱའི་ཐོག་ རྩོམ་ཡིག་དང་ལོ་རྒྱུས་སོགས་འཁོད་པའི་ཡིག་ཆ་གྲངས་གསུམ་བརྒྱ་ཙམ་ཕྱིར་འཐེན་བྱེད་དགོས་པའི་བརྡ་ཁྱབ་ཁོངས་སུ་ པེ་ཅིང་གནམ་བདེ་སྒོ་མི་ཆེའི་དོན་རྐྱེན་དང་། བོད་ཀྱི་གནས་བབ་ལོ་རྒྱུས། རྒྱ་ནག་གི་མང་གཙོའི་ལས་འགུལ་གྱི་ལོ་རྒྱུས་སོགས་ཡོད་ཅིང་། Cambridge གཙུག་ལག་སློབ་གྲས་རྒྱ་ནག་གི་དགོས་འདུན་བཏོན་པ་བཞིན། དེ་ལྟར་ཕྱིར་འཐེན་བྱས་པའི་རྗེས་རྒྱལ་སྤྱིའི་ཐོག་རྣོ་ངར་ཆེ་བའི་སྐྱོན་བརྗོད་བྱུང་སྟབས་རེས་གཟའ་ཟླ་བའི་ཉིན་ཐག་གཅོད་དེ་ཕྱིར་འཐེན་བྱས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་ནས་པར་བསྐྲུན་ཁང་ལ་དོ་དམ་དང་བཏང་འཛིན་གྱི་བྱ་ཐབས་དེ་ལ་བརྟེན་ནས། ད་ཆ་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་རའི་ནང་ ཕྱིའི་རྒྱལ་ཁབ་ཀྱི་དཔེ་བསྐྲུན་ཁང་མང་པོས་རྒྱ་ནག་གཞུང་ལ་བསྟུན་མཁས་ཆེད། རྒྱ་ནག་ལ་ཚོར་བ་རྣོ་པོའི་ནང་དོན་འཁོད་པའི་དེབ་རིགས་ ཚོང་འགྲེམས་བྱ་རྒྱུར་ཧ་ཅང་གི་ཟབ་ནན་བྱེད་བཞིན་ཡོད་འདུག་ Mosaic8ཞེས་ཉི་ཧོང་གི་རྒྱལ་ས་Tokyo ནང་རྟེན་གཞི་བྱས་པའི་དཔེ་བསྐྲུན་ཁང་གི་འགན་འཛིན་John Lowe ཞུ་བས་གསུངས་ན། དཔེ་བསྐྲུན་ཁང་ཚོའི་ཁེ་ཕན་སྲུང་སྐྱོབ་ཆེད་རྒྱ་ནག་གཞུང་ལ་ཕོག་ཐུག་གི་དཔེ་དེབ་རིགས་པར་བསྐྲུན་མཚམས་འཇོག་མི་བྱེད་ཐབས་མེད་ཡིན་པ་དང་། ཡང་སྤྱིར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱིའི་སྐོར་བགྲོ་གླེང་དང་པར་བསྐྲུན་ཆོག་ཀྱང་ པེ་ཅིང་གནམ་བདེ་སྒོ་མོའི་ཆེའི་དོན་རྐྱེན་དང་ བོད་དང་ཐེ་ཝན་བཅས་ཀྱི་གནད་དོན་གསུམ་པོ་དེ་བཞིན་རྒྱ་ནག་གཞུང་ལ་ཚོར་བ་རྣོ་ཤོས་ཀྱི་གནད་དོན་ཡིན་སྟབས་གནད་དོན་དེ་དག་གླེང་སློང་སྤུ་ཙམ་མེད་པ་བྱེད་དགོས་པའི་གནས་སྟངས་ངོ་སྤྲོད་གནང་འདུག༎
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎