སི་རི་ཡའི་ཧོ་ལ་ཁུལ་དུ་ཡུལ་མི་བརྒྱ་ལྷག་དམར་བསད།

སི་རི་ཡའི་སྲིད་འཛིན་གྱིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེར་གཞུང་དང་ལག་སྦྲེལ་ཡོད་པ་ངོས་ལེན་བྱས་མེད་པ།

༄༅༎ སི་རི་ཡའི་སྲིད་འཛིན་གྱིས་ཡུལ་དེའི་མི་གསོད་ཁྲག་སྐྱོར་གྱི་དོན་རྐྱེན་དེར་གཞུང་དང་ལག་སྦྲེལ་ཡོད་པ་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་ལྔ་པའི་ཚེས་༢༥དང་༢༦གཉིས་ནང་ཧོ་ལ་(Houla)ས་ཁུལ་ནང་ཡུལ་མི་བརྒྱ་ལྷག་དམར་བསད་བཏང་བའི་རྗེས་སུ་རྒྱལ་སྤྱིའི་ཐོག་ནས་སི་རི་ཡའི་གཞུང་ལ་སྐྱོན་བརྗོད་ནན་པོ་བྱེད་བཞིན་པ་མ་ཟད་ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་སི་རི་ཡའི་གཞུང་ཚབ་ཕྱིར་འབུད་གནང་ཡོད་རེད། འོན་ཀྱང་རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཨ་སརྡ་(Assad)ཡིས་དོན་རྐྱེན་དེ་ངོས་ལེན་བྱས་མེད་པ་མ་ཟད་ཐབས་སྡུག་གི་རྩུབ་སྤྱོད་དེ་རིགས་བདུད་ཀྱི་དཔུང་གིས་ཀྱང་བྱེད་ཀྱི་མ་རེད་ཅེས་བརྙན་འཕྲིན་ཐོག་གཏམ་བཤད་གནང་འདུག། ཡུལ་དེའི་གྲོས་ཚོགས་ནང་སྤེལ་བའི་གཏམ་བཤད་དེའི་ནང་སྲིད་འཛིན་ཨ་སདྷ་ཡིས་ཧོ་ལ་ས་ཁུལ་གཞན་པའི་ནང་གདུག་རྩུབ་དྲག་སྤྱོད་ཀྱི་ལས་འགུལ་དེ་དག་ཕྱི་རྒྱལ་ནས་ཀུན་སློང་བྱས་པ་ཞིན་ལུགས་སྐྱོན་བརྗོད་གནང་འདུག འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་པ་ཚོས་མི་གསོད་ཀྱི་ཁྲག་སྦྱོར་དེ་རིགས་སི་རི་ཡའི་གཞུང་དང་འབྲེལ་བ་ཡོད་པའི་དྲག་སྤྱོད་པའི་སྒྲིག་འཛུགས་ཁག་ཅིག་གིས་སྤེལ་ཡོད་སྐོར་འགྲེལ་བརྗོད་གནང་བཞིན་པ་རེད། དེ་ལྟར་ཡང་སྲིད་འཛིན་ཨ་ས་དྷ་ཡིས་དྲག་རྒོལ་གྱི་བྱེད་གཏེ་བ་ཕྱི་རྒྱལ་དང་ སི་རི་ཡའི་ནང་གི་གྱེན་ལོག་པར་ཁག་དཀྲི་བྱས་ཡོད་འདུག དེའི་དབར་ལ་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་སི་རི་ཡའ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པས་ཕ་རན་སེའི་གསར་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། རེས་གཟའ་སྤེན་པའི་ཉིན་བསྐྱར་དུ་སི་རི་ཡའི་ནང་དམག་མི་གཙོས་པའི་ཡུལ་མི་༥༧སྡེབ་གསོད་བྱས་ཡོད་འདུག ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་གསུམ་པའི་ནང་སི་རི་ཡའི་ནང་གྱེན་ལངས་འགོ་བཙུགས་པ་ནས་བཟུང་ཉིན་གཅིག་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་སྡུག་ཤོས་དེ་ཆགས་ཡོད་འདུག།