ཨ་རུ་ཎ་ཅལ་ཁུལ་དུ་བོད་པ་དང་འབྲེལ་བའི་གནད་དོན།


2018.07.31
ཨ་རུ་ཎ་ཅལ་ཁུལ་དུ་བོད་པ་དང་འབྲེལ་བའི་གནད་དོན། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་ཞིག་གཏན་འབེབས་གནང་ཡོད་པར་ངོ་རྒོལ།
ཊི་སྦེ་ཊེན་རི་ཝིཡུ།

ཉེ་ཆར་ཨ་རུ་ཎ་ཅལ་ཁུལ་དུ་བོད་པ་དང་འབྲེལ་བའི་རྙོག་དྲ་ཏོག་ཙམ་བྱུང་བར་མོན་པ་ཚོ་བློ་ཕམ་ཆེན་པོ་བྱུང་བས་མ་ཚད། མ་འོངས་པར་རྙོག་དྲ་དེ་འདྲ་ཞིག་མི་ཡོངས་བར་མོན་པ་ཚོས་འབད་བརྩོན་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་ཁུལ་དུ་སུ་མཱ་ Student's United Movement of All Arunachal ( SUMAA)  ཞེས་ཨ་རུ་ཎ་ཅལ་རྒྱལ་ཡོངས་སློབ་ཕྲུག་མཐུན་ཚོགས་ཟེར་བ་ཞིག་གིས། ཨ་རུ་ཎ་ཅལ་ཁུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཕྱིར་རྒྱུགས་ཞེས་པའི་ངོ་རྒོལ་ལས་འགུལ་སྔ་ཕྱི་ཐེངས་གཉིས་ཙམ་སྤེལ་བ་ལ་བརྟེན་ནས། བོད་མི་རྣམས་ལ་སེམས་འཚབ་ཆེན་པོ་བྱུང་བ་དང་། བོད་པའི་གདན་ས་ཁག་ཏུ་ཡོད་པའི་མོན་པའི་གྲྭ་རྒྱུན་ཁག་ཅིག་གིས་བོད་མི་རྣམས་ལ་ངོ་རྒོལ་བྱེད་མཁན་དེ་ཚོ་ནི། མོན་པ་མ་ཡིན་པར་ཀློ་པའི་མི་རིགས་ཡིན་སྐོར་གསལ་བཤད་གནང་ཡོད་པ་རེད།
ཨ་རུ་ཎ་ཅལ་མངའ་སྡེའི་གཞུང་གི་ཆོས་ལུགས་དང་རིག་གཞུང་འགན་འཛིན་འཇམ་དཔལ་དབང་འདུས་ལགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཁོང་གིས་བོད་མི་དང་མོན་པ་གཉིས་དབར་འདས་པའི་ལོ་རྒྱུས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པས་མ་ཚད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཁོང་ཚོའི་རྩ་བའི་བླ་མ་དང་། ད་ལྟའི་ཆར་ཡང་བོད་པའི་གདན་ས་ཁག་དང་སློབ་གྲྭ་ཁག་གི་ནང་མོན་པ་མི་ཉུང་བ་ཞིག་ལ་སློབ་གཉེར་གི་གོ་སྐབས་གནང་བ་སོགས་ངོ་སྤྲོད་དང་སྦྲགས།  བོད་མི་བཙན་བྱོལ་བ་རྣམས་ནི་ཆོས་དང་རིག་གཞུང་གང་ཅིའི་ཐད་མོན་པ་ཚོར་བཀའ་དྲིན་ཆེན་པོ་ཡིན་དུས། ཉེ་ཆར་ཨ་རུ་ཎ་ཅལ་ཁུལ་དུ་རྙོག་ཟིང་དེ་འདྲ་ཞིག་བྱུང་བར་མོན་པ་ཚོ་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཡང་འཇམ་དཔལ་དབང་འདུས་ལགས་ཀྱིས་ཨ་རུ་ཎ་ཅལ་ནི་རྒྱ་གར་ནང་མངའ་སྡེ་ཆེ་ཤོས་གྲས་ཤིག་ཡིན་པ་དང་། དེའི་ནང་མི་འབོར་འབུམ་ ༡༤ ཙམ་དང་མི་རིགས་ ༢༦ ཙམ་ཡོད་པ་དང་། དེའི་ནང་མོན་པ་རྣམས་ནི་གྲངས་ཉུང་མི་རིགས་ཤིག་ཆགས་ཡོད་སྐོར་དང་། མ་འོངས་ཕྱི་ཟླ་༨ཚེས་ ༡༢ ཉིན་ཨ་རུ་ཎ་ཅལ་ཁུལ་དུ་ཚོགས་སྡེ་མང་པོ་ཞིག་མཉམ་འབྲེལ་གྱིས། མ་འོངས་པར་རྙོག་དྲ་དེ་འདྲ་རིགས་མི་ཡོང་བའི་ཐབས་ཤེས་འབད་བརྩོན་ཆེད་ཚོགས་འདུ་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་ཞིག་གཏན་འབེབས་གནང་ཡོད་སྟབས། སུ་མ་ཞེས་པའི་སློབ་ཕྲུག་མཐུན་ཚོགས་དེས་གལ་སྲིད་སྲིད་བྱུས་དེ་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ལག་བསྟར་བྱས་པ་ཡིན་ན། ས་གནས་ཡུལ་མིའི་འཚོ་བ་ལ་དོ་ཕོགས་གཏོང་སྲིད་སྐོར་བརྗོད་ནས་ངོ་རྒོལ་བྱས་པ་ཞིག་ཡིན་ཡང་། ཨ་རུ་ཎ་ཅལ་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་ཁྱོན་བོད་མི་སྟོང་ཕྲག་ ༥ ཙམ་ལས་མེད་པ་དང་། མི་འབོར་དེ་ནི་ཨ་རུ་ཎ་ཅལ་མངའ་སྡེ་སྤྱིའི་མི་འབོར་གྱི་རྒྱ་ཆ་ཕྱེད་ཀ་ཡང་ལོངས་གི་མེད་པ་དང་། སྲིད་བྱུས་དེས་དོན་ངོ་མར་ས་གནས་ཡུལ་མིའི་འཚོ་བ་ལ་དོ་ཕོགས་འགྲོ་གཞི་གང་ཡང་མེད་པ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་དེ་མིན་གཞུང་གི་དཔོན་རིགས་ཚོས་གསལ་བཤད་གནང་ཡོད་ཀྱང་། ཁག་ཅིག་གིས་སྲིད་བྱུས་དེའི་ནང་དོན་ངོ་མ་མ་གཏོགས་པའམ་ཡང་ན། ལས་འགུལ་དེའི་རྒྱབ་ལ་འོས་བསྡུའི་ཆབ་སྲིད་ཀྱི་གནད་དོན་ཡོད་སྲིད་ལུགས་དོགས་པ་བྱེད་མཁན་ཡོད་པ་རེད།
ཕྱི་ཚེས་ ༣༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ཨ་རུ་ན་ཅཱལ་མངའ་སྡེའི་ཆོས་རིག་བློན་ཆེན་རྣམ་གཉིས་ཀྱི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ད་ཐེངས་ཀྱི་གནས་ཚུལ་དེའི་ཐོག་ནས་རྒྱ་གར་དབུས་གཞུང་དང་། ལྷག་པར་དུ་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཙོས་པའི་ས་གནས་མངའ་སྡེ་གཞུང་གིས་ཀྱང་གནས་ཚུལ་ལྷིང་འཇགས་ཡོང་ཐབས་སུ་དམིགས་བསལ་འབད་བརྩོན་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག
ཡང་ནང་སྲིད་དྲུང་འབར་ཚེ་དབང་སྒྲོལ་མ་ལགས་ཀྱིས་ད་ཐེངས་ཀྱི་གནས་ཚུལ་དེ་བྱུང་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཉིན་མཚན་ལྟོས་མེད་ས་གནས་བོད་མི་རྣམས་ལ་འབྲེལ་བ་དང་ལམ་སྟོན་གནང་ཡོད་པ་དང་། ད་ལྟའི་ཆར་ཨ་རུ་ཎ་ཅལ་ཁུལ་དང་དམིགས་བསལ་དེར་ཡོད་པའི་བསྟན་འཛིན་སྒང་སོགས་བོད་མིའི་གཞིས་ཆགས་ཁག་སྔར་བཞིན་ལྷིང་འཇགས་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
གསར་འགོད་པ་སངས་རྒྱས་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎