རྒྱ་ནག་ནས་བཟོས་པའི་དངོས་པོ་ཉོ་ཚོང་བྱེད་རྒྱུ་མེད་པའི་སྐུལ་མ།

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་ཀྱིས་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ཉོ་ཚོང་བྱ་རྒྱུ་མིན་པའི་འབོད་སྐུལ་གནང་བ།

༄༅༎རྒྱ་ནག་གིས་རྒྱ་གར་ཤར་ཕྱོགས་ཨ་རུ་ན་ཅལ་པར་རྡེཤི་མངའ་ཁུལ་ཐོག་བདག་དབང་ཡོད་ཁུལ་གྱི་འདོད་གཏམ་ཡང་ཡང་ཤོད་བཞིན་པ་དེས་ཁུལ་དེའི་ནང་གི་སློབ་ཕྲུག་ཚོར་ཁོང་ཁྲོ་ཆེན་པོ་སློང་བཞིན་ཡོད་སྟབས། ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ཕྱི་ཟླ་༢ཚེས་༨ནས་བཟུང་རྒྱ་ནག་གིས་བཟོས་པའི་དངོས་ཟོག་ཉོ་ཚོང་བྱ་རྒྱུ་མིན་པའི་འབོད་སྐུལ་གནང་འདུག།

རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རུ་ན་ཅལ་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲ་ཀམ་ཀྲ་ཀྲུང་གིས་རྒྱ་ནག་ནས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཁུལ་ཡང་ནས་ཡང་དུ་བརྗོད་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་དངོས་ཟོག་ཉོ་སྒྲུབ་མཚམས་འཇོག་བྱེད་ཡག་དེ་དགོས་གལ་ཆེན་པོ་ཆགས་ཡོད་པ་དང༌། སློབ་ཕྲུག་དོན་གཉེར་བ་ཚོས་ཁུལ་དེའི་ནང་གི་ཚོང་ཁང་ཚང་མའི་ནང་རྒྱ་ནག་གིས་བཟོས་པའི་དངོས་ཟོག་ཡོད་མེད་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།

༢༠༠༧ལོའི་ཕྱི་ཟླ་༨པའི་ནང་གུམ་སིང་ཏ་ཡིང་གྲོང་གསེབ་ནང་གནས་སྡོད་བྱེད་མཁན་ཆ་སྦེ་ཆ་རྡེར་ཟེར་བ་དེ་རྒྱ་མིའི་དམག་མིས་འཇུ་བཟུང་བྱས་རྗེས་ཨ་ས་ཕི་ལ་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཞིག་བྱུང་ཡོད་པ་ལྟར། ཨ་རུ་ན་ཅལ་སློབ་ཕྲུག་མཐུན་ཚོགས་ཀྱིས་རྒྱ་གར་གྲོས་ཚོགས་འོག་མའི་ནང་མངའ་སྡེའི་འཐུས་མི་ཟུར་པ་ཀི་རེན་རི་ཇི་ཇུས་གྲོས་ཚོགས་ནང་གནད་དོན་དེ་ཐེར་འདོན་གནང་ཡོད་པ་མ་ཟད། རྒྱ་གར་ནང་སྲིད་ལྷན་ཁང་ལའང་སྙན་སེང་ཞུས་ཡོད་པ་རེད། འོན་ཀྱང་གནད་དོན་དེའི་ཐད་ད་བར་ཐག་གཅོད་གང་ཡང་བྱུང་མེད་པ་རེད།