ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཉི་ཧོང་གྲོས་ཚོགས་སུ་བོད་དོན་གསུངས་བཤད་གནང་འདུག
འདི་ཚེས་༡༠ཉིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ལ་ཞིབ་འཇུག་བྱེད་མཁན་ཉི་ཧོང་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧྥུ་རི་ཡ་ཀེ་ཇི་(Furuya Keiji)་ལགས་ཀྱིས་གདན་ཞུ་ལྟར། ཨ་ཀྱཱ་རིན་པོ་ཆེ་མཆོག་ཉི་ཧོང་གྲོས་ཚོགས་སུ་ཕེབས་ནས། བོད་ནང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་དང་བྱེད་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་སྐབས། རིན་པོ་ཆེ་མཆོག་གིས་ཁོང་ཕྱི་ལོ་༡༩༥༠ལོར་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་པའི་སྐབས་བོད་དུ་སྐུ་འཁྲུངས་པ་དང་། དགུང་ལོ་གཉིས་ལ་ཕེབས་སྐབས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ཁོང་ཨ་ཀྱཱ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པའི་སྐོར་དང་། དེ་ནས་བོད་ནང་རིག་གནས་གསར་བརྗེ་སྐབས་རྒྱ་གཞུང་གིས་དགོན་པ་མང་པོ་གཏོར་བཤིག་བཏང་བ་དང་། ཆོས་དད་རང་དབང་རྡོག་རོལ་བཏང་བ་སོགས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ཁོང་ལ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་གནོན་ཤུགས་ཚད་མེད་སྤྲད་པར་བརྟེན་ཁོང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་སོགས་གྲོས་ཚོགས་ནང་གསལ་བཤད་གནང་ཡོད་པ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་ངོ་སྤྲོད་གནང་བྱུང་།
ད་དུང་སྐབས་དེར་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཉི་ཧོང་གཞུང་དམངས་གཉིས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་དོ་སྣང་ཤུགས་ཆེར་གནང་རྒྱུ་དང་། ཉི་ཧོང་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མཐའ་གཅིག་ཏུ་དགག་བྱ་དང་བསྒྲགས་གཏམ་སྤེལ་ཐུབ་ན་ཕན་ཐོགས་ཡོད་སྐོར་སོགས་གསུངས་ཡོད་འདུག
སྐབས་དེར་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ཚོགས་གཙོ་མཆོག་གིས། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་དངོས་ཡོད་གནས་སྟངས་ཡིན་ན་ཡང་། གནས་ཚུལ་དེ་ཕྱི་ཕྱོགས་སུ་ཁྱབ་མ་ཐུབ་པའི་དབང་གིས་མང་ཚོགས་ཁྲོད་ཤེས་རྟོགས་མེད་པ་དང་། ད་རེས་རིན་པོ་ཆེ་འདིར་ཕེབས་ནས་བོད་ནང་གིས་དངོས་ཡོད་གནས་སྟངས་སྐོར་གསུངས་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཉི་ཧོང་གྲོས་ཚོགས་ཀྱི་ངོས་ནས་བོད་ནང་གི་གནས་སྟངས་ཐད་དོ་སྣང་བྱེད་མུས་ཡིན་པ་དང་། མ་འོངས་པར་དེའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པ་གསུངས་ཡོད་འདུག
སྔོན་མ་ཡིན་ན་ཉི་ཧོང་གྲོས་ཚོགས་ནང་བོད་དོན་ཐད་རྒྱབ་སྐྱོར་གྱི་ཚད་ཉུང་ཉུང་ཡིན་ན་ཡང་། ཉེ་བའི་ནང་ཉི་ཧོང་གྲོས་ཚོགས་ནང་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། གཙོ་བོ་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་དམ་པ་ཁོང་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་ནས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་སྔར་ལྷག་ཐོབ་ཡོད་པ་མ་ཟད། ཉི་ཧོང་གྲོས་ཚོགས་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་མང་ཤོས་ཤིག་ཡིན་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།