ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་ངེས་བར་གླེང་དགོས་བའི་འབོད་སྐུལ་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་ལྟར་ཁོང་ལ་ཚོགས་སྡེ་མང་པོས་མཉམ་དུ་རྒྱ་ནག་དང་མཉམ་འགྲོ་བ་མིའི་ཐོབ་ཐང་ངེས་བར་གླེང་དགོས་བའི་འབོད་སྐུལ་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས། ༠༦།༡༣།༢༠༢༣ AFP

བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་ཙམ་ཚུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཚོགས་པ་༤༢ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་སུ་ཕྱི་ཚེས་༡༤ཉིན་མཉམ་སྦྲེལ་གྱིས་སྙན་ཞུ་ཞིག་ཕུལ་བའི་ནང་། ཁོང་རིང་མིན་ཟླ་བ་འདིའི་ཚེས་༡༨ཉིན་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་སྐབས། རྒྱ་ནག་གི་འགོ་ཁྲིད་རྣམས་དང་ལྷན་དུ་བོད་དང་། ཧོང་ཀོང་། ཤིན་ཅང་བཅས་ཀྱི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ངེས་པར་གླེང་སློང་གནང་དགོས་པའི་འབོད་སྐུལ་ནན་པོར་ཞུས་འདུག་ལ། ཆབ་སྲིད་བཙོན་པ་གྲགས་ཅན་ཁག་ཅིག་གི་མིང་ཟུར་འདོན་ཞུས་ཏེ་གློད་གྲོལ་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་ཞུས་པའི་ནང་སྒོ་ཤེས་རབ་རྒྱ་མཚོ་ལགས་མིང་འདོན་བྱས་འདུག
འབོད་སྐུལ་སྙན་ཞུ་དེའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་ནང་དང་ཕྱི་ལ་མངོན་གསལ་དོད་པོའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་དུས་འདིར། སྐུ་ཉིད་ཀྱིས་གོ་སྐབས་འདི་བཟུང་ནས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལ་ཨ་རིའི་གཞུང་གིས་འབྲེལ་ཡོད་སྲིད་གཞུང་ཁག་དང་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གི་བྱ་སྤྱོད་དེར་འགན་འཁུར་ལེན་དགོས་པ་ཞིག་བཟོ་ཐབས་བྱ་དགོས་པ་ནན་སྐུལ་གནང་འདུག
མི་ལོ་བཅུ་ཕྲག་མང་པོའི་རིང་རྒྱལ་སྤྱིའི་གཞུང་ཁག་གིས་ཕྱི་འབྲེལ་སྲིད་ཇུས་ཀྱི་ལམ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་དེ་སེལ་ཐབས་གནང་ཡོད་ཀྱང་དེར་ལམ་ལྷོང་བྱུང་མེད་པ་དང་། ལྷག་པར་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་གཞུང་འཛིན་པའི་སྐབས་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ནས། རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་རྩ་མེད་ བཟོ་བའི་མི་སྤྱོད་ལས་འདས་པའི་སྲིད་ཇུས་སྤེལ་བཞིན་པ་ཨ་རིའི་ཕྱི་ སྲིད་ལས་ཁུངས་ཀྱིས་གསུངས་ཡོད་སྟབས། ཕྱི་སྲིད་དྲུང་ཆེ་(Blinken)་ལགས་ཀྱིས་ད་རེས་གོ་སྐབས་དམ་འཛིན་གནང་ནས་རྒྱ་ནག་གི་དཔོན་རིགས་ཚོར་གླེང་དགོས་བ་ནན་སྐུལ་ཞུས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་ལགས་རྒྱ་ནག་ཏུ་ཕེབས་གཏན་འཁེལ་བ་འདི་ནི་ཕྱི་ལོ་༢༠༡༨ལོའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་ནག་ཏུ་ཕེབས་པ་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org